མ་ཡུམ་རྩོམ་སྒྲིག་པ།

སློབ་སྟོན་པ། རྒྱལ་རོང་ཐུབ་བསྟན་ཆོས་སྒྲོན།
སྤྱི་ཁྱབ་རྩོམ་སྒྲིག་པ། མེ་འོད།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་འཚོ། ཚེ་རིང་ཆོས་སྒྲོན།
རྩོམ་སྒྲིག་པ། འབྲོང་དར་རྒྱས། བྱ་སྨྱོན་པ།
འབྲེལ་མཐུད་པ། རྒྱལ་རོང་པདྨ།

དྲ་ངོས་ཀློག་གྲངས།

About Me

མ་ཡུམ།
མ་ཡུམ་ཞེས་པའི་དྲ་རྒྱ་འདི་ནི་བུད་མེད་རྐྱང་བའི་རྩོམ་པ་པོ་རྣམས་ཀྱི་ཆེད་དུ་ཡིན་པ་དང༌། གཙོ་བོ་བུད་མེད་རྣམས་ཀྱི་བསམ་བློ་བརྗེ་རེས་བྱེད་སའི་སྟེགས་བུ་ཞིག་དང༌། བུད་མེད་རྣམས་ཀྱི་འདས་པའི་བྱུང་བ་དང་ད་ལྟའི་གནས་བབ། མ་འོངས་པའི་ཕུགས་བསམ་བཅས་གསལ་སྟོན་བྱེད་སའི་རང་དབང་གི་སྟེགས་བུ་ཞིག་ཀྱང་ཡིན། དྲ་རྒྱ་འདི་བུད་མེད་རྒན་གཞོན་དང༌། བཙུན་མ། སློབ་ཕྲུག་ཡོངས་ལ་གཏན་དུ་དབང༌།
View my complete profile

དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

འབྲེལ་གཏུགས་ཁ་བྱང་།

mayum2010@gmail.com

Blog Archive

ཟིན་བྲིས་འདིའི་བདག་དབང་ཆ་ཚང་མ་ཡུམ་དྲ་རྒྱ་ལ་ཡོད།. Powered by Blogger.

དཀར་ཆག


༥/༨ ཨ་མའི་དུས་ཆེན་ལ།

བོད་ཀྱི་མ་ཡུམ་ཚོ་གཙོས་པའི་གནམ་འོག་གི་ཨ་མ་ཚང་མར་འཚམས་འདྲི་ཞུ་བ་དང་། ཨ་མ་ཚོའི་མཐའ་མེད་པའི་བྱམས་སེམས་དང་གཏིང་ཟབ་པའི་བརྩེ་བ་ཡིས་འགྲོ་བ་མིའི་རིགས་ཀྱི་རང་བྱུང་ཁམས་ལ་བདེ་སྐྱིད་རྫོགས་ལྡན་ཐོབ་པར་སྨོན་འདུན་ཞུ།

 
བཤད་འདོད་པའི་སྐད་ཆ་གསུམ་པ།
སྨྱུག་རྩེ་མ། ས་རཱ་མཐོ་སློབ།
      མ་ཡུམ་ཚགས་པར་ཏེ་བདག་གི་དུས་བཞིའི་ཟིན་ཐོ་དང་སྙིང་ཁོངས་ནས་མནོ་བསམ་བསྐྱིལ་བའི་གཏམ་བཤད་བྱེད་པའི་སྡིང་ཆ་ཞིག་ཡིན་པའི་ཆ་ནས། དེ་རིང་དགུན་དུས་གྲང་ངར་གྱི་ཆར་རླུང་ཁྲོད་ན་གནས་པའི་མ་ཡུམ་ས་རཱ་མཐོ་སློབ་ཀྱི་དཔེ་མཛོད་ཁང་དེ་ནས་བཤད་འདོད་པའི་སྐད་ཆ་གསུམ་པ་གླེང་འགོ་འཛུགས་བཞིན་ཡོད།
མི་མང་འདུས་པའི་སྤྱི་ཚོགས་དེ་ཤེས་ཡོན་དང་དཔལ་འབྱོང༌། ཆབ་སྲིད་གསུམ་གྱིས་ཁ་ལོ་བསྒྱུར་བཞིན་ཡོད་པ་ནི་མངོན་ཐོན་དང༌། དགེ་འདུན་གྱི་སྤྱི་ཚོགས་ཀྱང་ཤེས་ཡོན་གྱི་ཕྱོགས་ལ་འཕོ་འགྱུར་ཆེན་པོ་བྱུང་སྟེ་སྔོན་སོང་རྒྱང་ཆད་དུ་གནས་ཤིང་ཡ་མ་ཟུང་ཁོ་ནར་སྣང་བའི་ཚན་རིག་དེ་ཡང་ཉེ་ས་ཞིག་ནས་སྦྱངས་དང་སྦྱོང་བཞིན་ཡར་རྒྱས་ཀྱི་ལམ་དུ་ཞུགས་འདུག དེར་བརྟེན་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བཤད་དོན།
ཁ་སང་དེ་རིང་ཤེས་ཡོན་གྱི་ཐབས་ལམ་མི་འགྲིག་པའི་རྐྱེན་གྱིས་འཐུས་ཤོར་གྱི་ཉེས་དམིགས་ཁ་སྒོ་ཕར་བསྟན་ཚུར་བསྟན་གྱིས་རྩོད་བཞིན་ཡོད་པ་དེར་བཙུན་མའི་སྡེས་ཀྱང་མ་འོངས་འབྱུང་སྲིད་པའི་ནང་བསྟན་གྱི་གྲུབ་ཆ་བོད་ཀྱི་བཙུན་མའི་སྡེའི་ཤེས་ཡོན་འཐུས་ཤོར་གྱི་གླེང་སློང་མི་ཡོང་བའི་གྲ་སྒྲིག་ཅིས་ཀྱང་ད་ལྟ་ནས ཡོད་དགོས་པ་ཡིན།
རང་སྐྱོངརང་བརྗོད་ལྟ་བུ་ཞིག་གི་ངོས་ནས་བཤད་ན་ངེད་བུད་མེད་འདུས་པའི་ཁྱུ་ཚོགས་ན་སེམས་ཁམས་སུ་དྲག་པོའི་སྐྱོན་ཞིག་རང་བཞིན་གྱིས་ཡོད་པ་ནི་མངོན་སུམ་ཡིན་ལ། དེས་རང་རྡོ་རང་གི་རྐང་པར་བཞུས་པ་ལྟར་བུད་མེད་ཀྱི་མཚན་མཐོང་བཤིགས་པ་དང༌། བུད་མེད་ཀྱིས་བུད་མེད་ལ་དམོད་བཞིན་དུ་ངན་སྨྲས་དང་རྫུན་བཟོས་རྨེག་མེད་དུ་གཏོང་བཞིན་པ་ནི་ལོ་རྒྱུས་ལས་མངོན་མཐོངདང༌། དེ་རིང་ཁ་སང་དེ་ལྟར་ཉུང་ཤས་སྣང་བས། བཙུན་མའི་སྡེས་ཀྱང་བློ་ཁ་ཡངས་པོ་མཛད་དེ་བཙུན་མ་ཤེས་ལྡན་ཚོར་ནང་བཙུན་དགོས་ཁོ་ནའི་ཤེས་ཡོན་གྱི་མི་འགྲིག་པར་ཕྱིའི་སློབ་གྲྭ་གཞན་ཚོའི་ཤེས་ཡོན་ཡང་འཐོབ་དགོས་རུང་བ་དང༌། ཤེས་ཡོན་ལ་མུ་མཐའ་མེད་པས་ཡངས་པོ་མཛད་དེ་ངོགས་གཞན་ཅིས་ཀྱང་སྤོངས་བར་མཛོད། དོན་ཆུང་ཙག་ཙིག་ཞིག་ནས་བཤད་ན་ཤེས་ཡོན་སྣ་ཚོགས་ལ་དོ་སྣང་ཆེ་བའི་བཙུན་མ་ཞིག་གནས་དེ་ནས་རྒྱང་རིང་དུ་ཤེས་ཡོན་སྦྱོང་དུ་བསྐྱོད་ཚེ། ཕན་ཚུན་མཉམ་རུས་ཀྱིས་མི་དགའ་བ་དང་ངན་པར་བརྩིས་ཞིང་ལྟ་སྣང་མི་མཛེས་པ་ཞིག་ཏུ་བརྩིས་ཏེ་ཕྱི་མི་སྡུག་པའི་གནས་དེར་སྤྲད་བཞིན་ཡོད་ལ་བཙུན་མ་སྡེའི་གྲལ་འགོ་ན་བཞུགས་པའི་དགེ་འདུན་འགོ་བྱེད་འགས་སྐྱེས་པའི་རང་བཞིན་བློ་བག་ཡངས་པོ་ཡིན་ཁྱབ་མཉམ་དུ་སྒྲོག་བཞིན་པ་དེར་མི་གནས་༼མཁྱེན་བཞིན་དུ་སྡིག་པ་མིག་བཙུམས་༽ཟེར་བ་ལྟར་བཙུན་མ་དང་ལས་གཅིག་ཏུ་སྦྲེལ་དུས། དགེ་བཤེས་ལྷ་རམས་ཟེར་ཡང་བསམ་བློ་བཙོ་སྦྱང་མེད་ན་བརྒྱ་ཆ་དེ་ཙམ་རེད།
      དེ་ལྟར་བདག་གི་བཙུན་དགོན་ཡོད་ཚད་ལ་ཟེར་བ་མིན་པར་ནོར་འཁྲུལ་འབྱུང་སྲིད་པ་དང་འབྱུང་ཆོག་པའི་སྒྲིག་འཛུགས་སྣ་ཚོགས་བཟོ་རྒྱུར་དགའ་བའི་བཙུན་དགོན་རེ་ཟུང་ལ་ཐེར་འདོན་ཚུལ་དུ་འགྱུར་བ་གཏོང་བའི་རེ་བ་བྱེད་ཀྱི་ཡོད་ལ། ཐོབ་ཐང་རྩོད་པ་ཟེར་བ་དེ་སྐྱེས་པ་ཚོས་མགོ་མནོན་རྒྱང་བསྲིངས་ཐུབ་ཕྱིར་སྤྲད་པའི་ཐ་སྙས་ཙམ་རེད། དོན་དངོས་ཐོག་བུད་མེད་ཚོའི་ཤེས་རབ་ལས་ཕན་ཚུན་འདྲ་མཉམ། ཕན་ཚུན་བདེ་སྐྱིད་སྟེར་རྒྱུ་གལ་ཆེན་མཐོང་བའི་སྒོ་ནས་འབད་བརྩོན་ལ་རྗེས་རབས་བུད་མེད་ཚོའི་ཤེས་རབ་ཀྱི་ལམ་བུ་བཤངས་པ་དང༌། སྐྱེས་པ་དང་མཉམ་གནས་ཀྱི་འཛམ་གླིང་ལ་ལེགས་སྐྱེས་དང་སྤྲོ་སྣང་ལྷན་དུ་སྤྲོད་རྒྱུའི་འདུན་པ་ཞིག དེར་བརྟེན་བཙུན་མའི་སྡེ་ནས་ཀྱང་རང་འགོ་རང་འཁྲིད་ཀྱི་རྗེས་ཡོང་གི་བཙུན་མའི་སྡེའི་ཤེས་ཡོན་རྨང་གཞི་ཡོད་པའི་སྒོ་ནས་ཡར་རྒྱས་ཡོང་བའི་ལམ་བུ་ཞིག་གི་ཕྱིར་ན། དགེ་བཤེས་མའི་ཐོབ་གནས་ཟིན་པའི་ཤེས་རབ་བརྩོན་ཏེ་ཕན་ཚུན་བློ་བསྐྱེད་དང༌། ཕན་ཚུན་སེམས་ཤུགས་སྤེལ་རེས་ཀྱིས་འབྲས་བུ་ལག་ཏུ་ལེན་རྒྱུའི་ལམ་བུ་དེ་རིང་བཤངས་དགོས་པ་ལས་སང་ཉིན་གྱི་ཕྱིར་ཞལ་ཆེམས་འཇོག་རྒྱུ་དེ་མིན། དེ་རིང༌། འཇིག་རྟེན་པའི་བུད་མེད་ཚོར་སྐྱེས་པ་ཚོས་སེམས་ཁམས་ཀྱི་འཕོ་འགྱུར་ལས་ཆེས་མཐོང་དང་མཉམ་གནས་སྐྱོང་རེས་ཀྱི་སྡིང་ཆ་བསྐྲུན་ཡོད་པ་བཞིན་བཙུན་མའི་སྡེས་ཀྱང་ནང་ཕན་ཚུན་བྱམས་བརྩེ་དང་གུ་ཡངས་པས་བློ་སྟོབས་སྤེལ་རེས་ཀྱིས་བཙུན་མའི་ཤེས་ཡོན་གྱི་བྱང་ཚད་དེ་བརྒྱ་ཆ་ཚད་མཐོན་པོར་ཟིན་རྒྱུ་འབད་དགོས་ལ། དེ་བས་མཚན་ཉིད་ཁོ་ན་མིན་པར་སྐད་རིགས་དང་ཤེས་ཡོན་སྣ་ཚོགས་ལ་འབད་དགོས་པ་མ་ཟད། དཔེར་ན། ཡེ་ཤུའི་བཙུན་མའི་སྡེ་བཞིན་བརྩེ་བ་རྣལ་མ་ཞིག་བསྐྲུན་ཕྱིར་འབད་དགོས། ལྷག་པར་དུ་བཙུན་མའི་ལས་འཆར་ལྟ་བུ་སྔོན་ཆད་བྱེད་པོ་བཀའ་དྲིན་ཅན་ལས་ད་བར་སྐྱོང་བ་རེད་ལ། བཙུན་མའི་འགོ་བྱེད་ཚོ་ཡང་དགེ་འདུན་སྡེ་ལྷག་བསམ་རྣམ་དག་ལས་བྱུང་བ་ཞིག་རེད། འོན་ཀྱང་མ་འོངས་རང་ལམ་རང་སྟོན་ཟེར་བ་ལྟར་བཙུན་མའི་སྡེས་བཙུན་མའི་སྡེ་སྐྱོང་ཤེས་པའི་ནུས་པ་འཇིག་རྟེན་བུད་མེད་ཚོར་ཡོད་པ་བཞིན་དགོས་པས། གྲངས་མི་གཙོ་བར་སྤུས་གཙོ་ཆེ་བས་ཤེས་རབ་ཀྱི་རྨང་གཞི་བརྟན་པའི་སྒོ་ནས་བཙུན་མའི་སྡེ་སྐྱོང་དགོས་པ་ལས་ནང་ཕན་ཚུན་སེམས་ཁམས་དོག་པས་རང་སྡེའི་བགྲོད་ལམ་འགོག་མི་རུང་ལ། མ་ཟད་རང་ཉིད་ཀྱི་བརྒྱུད་རིམ་སྣ་ཚོགས་དང་ཆབ་སྲིད་ཀྱི་ཚོགས་ཆུང་ཁ་ཤས་ཁྲོད་ཚོང་འབྲེལ་ལྟ་བུའི་བྱེད་སྒོ་སྣ་ཚོགས་ཀྱི་ཉམས་མྱོང་ལས་བཙུན་མའི་སྡེ་འཇིག་རྟེན་མགོ་ནག་དང་མཐུན་ལམ་ཕྱིར་ཆབ་སྲིད་ཤེས་དགོས་པ་ལས། མ་འོངས་པར་ལོ་རྒྱུས་ཁྲོད་ན་དགེ་འདུན་སྡེ་ལ་བྱུང་བའི་རྗེས་འབྲས་དང་ཡ་མཚན་བྱུང་བ་བཞིན་མི་ཡོང་ཕྱིར་འཇིག་རྟེན་པ་ཚོས་གང་བཤད་རྗེས་སུ་མི་རྒྱུགས་པར་ཆབ་སྲིད་ལག་ལེན་སྟར་མུས་མཛད་པའི་འདུན་པ་དང་ལྷག་དོན་བཙུན་མའི་སྡེ་དགེ་འདུན་སྡེ་དང་མཉམ་གནས་ཀྱིས་སེམས་ཅན་དོན་སྒྲུབ་འདོད་ན། དགོན་སྡེ་གཅིག་པུ་ནས་ཤེས་རབ་སྣ་ཚོགས་བསྐྱེད་མི་ཐུབ་པས། ཁ་ཕྱིར་ཕྱོགས་ནས་དོ་སྣང་མཛད་དེ་དགེ་འདུན་སྡེ་བཞིན་ཚན་རིག་ཟབ་སྦྱོང་དང༌། རིག་གནས་བགྲོ་གླེང༌། ད་དུང་ཆེད་དུ་མགྲོན་འབོད་བྱེད་པའི་ཚོགས་འདུ་སྣ་ཚོགས་ལ་ངེས་པར་དུ་བཅར་རྒྱུར་འབད་དགོས་པ་མ་ཟད། བཙུན་མའི་སྡེའི་སེམས་ཁོངས་ཀྱི་སྐད་ཆ་སྣ་ཚོགས་ཡོད་ཚད་ལ་ཁྱབ་སྤེལ་གཏོང་རྒྱུ་ནི་གལ་ཆེན་མཐོང་བས། གོ་སྐབས་དང་དུ་བླངས་ནས་དོན་གོ་ཆོད་པ་བྱེད་རྒྱུའི་རེ་བ་བྱེད་བཞིན་ཡོད་ལ། དེ་མིན་འཐུས་ཤོར་གྱི་བར་ཐག་དང་ཇེ་ཉེ་ཇེ་ཉེ་རུ་གཏོང་བཞིན་ཡོད་པས་ནམ་ཞིག་ལོ་རྒྱུས་ཁྲོད་ན་ཤེས་ཡོན་མེད་པའི་བཙུན་མའི་སྡེ་ལ་སྨད་པ་ཡོང་མ་སྲིད་པ་ཞིག་མ་ཡིན་པས། ཅིས་ཀྱང་གུ་ཡངས་པོ་མཛོད་ཅིག ཤཱཀྱའི་ཚ་མོ་ཚོ།




རང་ཉིད་རང་ཉིད་ཀྱིས་གསོད་མི་རུང༌།
                                                               བདེ་འཚོ།  རྡ་ས།
      གནའ་བོའི་མཐོ་སྒང་གི་ཁྱིམ་གཞིས་བཟུང་ནས་འོང་བའི་ང་ཚོ་ནི་ལོ་རྒྱུས་རིང་ཞིང་རིག་གནས་རང་རྐྱ་ཐུབ་པའི་མི་རིགས་ཤིག་ཡིན། ང་ཚོའི་མེས་པོ་གོང་མ་དག་གིས་རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས་རང་གི་བླ་སྲོག་གསར་བསྐྲུན་བྱས་ཤིང༌། རང་ཉིད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རང་གི་ཁྱིམ་གཞི་རྒྱ་བསྐྱེད་ཀྱང་བྱས་མྱོང༌། ཡིན་ནའང་དུས་རབས་ཀྱི་ཉམ་རྒུད་མང་དུ་བྱུང་བའི་རྐྱེན་གྱིས་ང་ཚོ་ཁ་འཐོར་ཅན་དང་གཞན་བསྟུན་གྱི་ཕྱོགས་སུ་སྐྱོད་འགོ་བརྩམས་པ་རེད་ལ། ལྷག་པར་ང་བརྒྱད་ལོའི་བཙན་འཛུལ་ཆེན་མོས་ང་ཚོའི་དྲོད་སྣང་འཁྱིལ་བའི་ཁྱིམ་གཞི་ཀུན་ནས་དཀྲོགས་ཤིང༌། དུས་ཡུན་རིང་པོར་བསགས་འཇོག་བྱས་ནས་འོང་བའི་རྩ་ཆེའི་རིག་གནས་ཀྱི་ཉིང་བཅུད་མང་པོ་ཐལ་རྡུལ་གྱིས་ཟིན་ཞིང་ཆར་རླུང་གིས་འཇིག་པར་བྱེད་པའི་ཉེན་ཁ་ཚབས་ཆེན་བཟོས་ཡོད། དེ་འདྲའི་ཉམས་ང་བའི་གོད་ཆག་ཆེན་པོས་མཐོ་སྒང་གི་ཡུལ་གྲུ་ཡོད་ཚད་ནག་འཐོམས་སེ་བཏང་ཞིང༌། དུས་ཡུན་མང་པོར་ང་ཚོའི་མཐོང་སྣང་ན་འོད་དུ་འཚེར་བའི་ཤེས་རིག་གི་མར་མེ་དེ་རེ་ཞིག་ལ་གཟིམ་པར་བྱས་མྱོང༌། སྐབས་དེར་བོད་ཀྱི་སྤྱི་ཚོགས་ལ་ཐེབས་པའི་བཙན་འཛུལ་གྱི་གནོད་སྐྱོན་སྤྱི་དང་ལྷག་པར་དུ་ང་བརྒྱད་ལོའི་མུ་གེ་དང༌། ལོ་བཅུའི་རིག་གནས་གསར་བརྗེ་ཆེན་མོ་སོགས་ཆེས་མུན་ནག་དང་གདུག་རྩུབ་ཆེ་བའི་ཟིང་འཁྲུག་དག་གིས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་སྤྱི་ཚོགས་ཧྲིལ་པོ་ཡོམ་ཡོམ་དུ་སྒུལ་ཅིང་མགོ་མེད་གཡམ་རྒྱུག་གི་ཁོར་ཡུག་ཅིག་ཏུ་བསྒྱུར་མྱོང་བ་ཡང་ཚང་མས་ཤེས་གསལ་ལྟར་རེད། ཡིན་ནའང་དེའི་རྗེས་ཀྱི་ལོ་རབས་བདུན་ཅུའི་རྗེས་སུ་དགོན་སྡེའི་རིག་གནས་ཀྱི་མ་རྐང་མཐུག་པའི་བོད་མི་ལྷག་བསམ་ཅན་མང་པོ་ཞིག་གི་འབད་བརྩོན་དང་སྐུལ་འདེད་ལ་བརྟེན་ནས་ཆད་ལ་ཉེ་བའི་ང་ཚོའི་རིག་གནས་ཀྱི་དབུགས་རྒྱུན་སླར་ཡང་གསོ་ཐུབ་པར་བྱུང་བ་མ་ཟད། དྲག་པོའི་བཙན་དབང་གིས་འགྱེལ་དུ་བཅུག་པའི་མི་རིགས་འདི་ཡང་བསྐྱར་ལངས་སུ་བཅུག་པ་རེད། ཁོང་རྣམ་པས་བོད་མི་རིགས་དང་རིག་གཞུང་ལ་བཅངས་པའི་བརྩེ་སེམས། ད་དུང་མི་རིགས་ཀྱི་ཤ་ཞེན་སོགས་ནི་ཇི་འདྲའི་བློ་ངོར་མི་ཤོང་བ་ཞིག་རེད་ཨང༌། རྒྱུ་མཚན་ཁོང་རྣམ་པས་བག་ལ་ཉལ་བའི་མི་རིགས་ཤིག་གི་རྣམ་ཤེས་ལ་ཡང་བསྐྱར་གསོན་ཤུགས་རྒྱས་སུ་བཅུག་སོང་བས་མིན་ནམ། ད་ལྟ་དཔུང་རྡང་ཤིག་ཤིག་གིས་བསྐྱོད་བཞིན་པའི་མི་རབས་གསར་པ་འདི་དག་འདི་ལྟར་སྐྱེད་སྲིང་བྱས་སོང་བས་མ་ཡིན་ནམ། འདི་ནི་ད་ལྟའི་ང་ཚོར་ལྷགས་པའི་མི་རིགས་ཀྱི་འཐབ་རྩོད་ལ་གཞིགས་ནས་བཤད་ན་ཆེས་སྤོབས་པ་དང་ང་རྒྱལ་སྐྱེས་འོས་པ་ཞིག་མིན་ནམ། ང་ཚོས་ནམ་ཡང་ཁོང་རྣམ་པའི་མཛད་རྗེས་དང་ལྷག་བསམ་ལ་གོང་བཀུར་བྱ་འོས།
      ཡིན་ནའང་ད་སྐབས་ཀྱི་བོད་མི་མང་པོ་ཞིག་དེ་ལས་ལྡོག་སྟེ་རང་སྨད་གཞན་སྨོན་ལ་ཕྱོགས་ཤིང༌། རང་ལྟ་བདག་འཛིན་ཤུགས་ཆེ་བའི་ཕྱོགས་སུ་གོམས་བཞིན་ཡོད་པས། རང་ཉིད་ཀྱི་སྲོག་རྩ་རང་ཉིད་ཀྱིས་སྒོག་བཞིན་འདུག་ལ་རང་ཉིད་ཀྱི་མགོ་བོ་རང་ཉིད་ཀྱིས་གཅོད་ཀྱིན་འདུག ཁ་སང་དེ་རིང་གི་དུས་འདིར་བོད་ཕྱི་ནང་གཉིས་ནས་བླ་ཆེན་དང་དཔོན་ཆེན་ཁག་ཅིག་ཁ་ཕྱི་ཕྱོགས་སུ་ཕྱོགས་ནས་རང་རང་གི་འཇོན་ཐང་ངོམ་བཞིན་ཡོད། དེ་བཞིན་བོད་མི་ཤེས་ཡོན་པ་དང་ཆེད་ལས་པ་དག་གིས་ཀྱང་མགོ་ཕྱི་ཕྱོགས་སུ་འདོགས་བཞིན་འདུག མི་རིགས་ཤིག་གི་མདུན་ལྗོངས་ལ་ཉེན་འཚབ་ཆེ་བའི་དེ་རིང་གི་དུས་འདིར་བླ་མ་ཚོས་ཆོས་གསུང་ས་ཕྱི་ཕྱོགས་ཡིན་ལ། དཔོན་པོ་ཚོས་སྲིད་བཤད་ས་ཡང་ཕྱི་ཕྱོགས་རེད། ད་དུང་མཁས་པ་ཚོས་ལུང་འདྲེན་ས་ཡང་ཕྱི་ཕྱོགས་རེད་ལ། དབུལ་བོ་ཚོས་བྲོ་སློང་ས་ཡང་ཕྱི་ཕྱོགས་རེད། འདི་ལྟར་བླ་གྲྭ་ཚོ་གཟི་མདངས་འཁྱུག་གེར་ཕྱི་ཕྱོགས་སུ་ཕེབས་སོང༌། དཔོན་པོ་ཚོ་དཔུང་རྡང་ཤིག་ཤིག་གིས་ཕྱི་ཕྱོགས་སུ་བུད་སོང༌། མཁས་པ་དང་ཤེས་ཡོན་ཅན་ཚོ་ཡང་རྣམ་རིག་གསལ་ལེར་ཕྱི་ཕྱོགས་སུ་བུད་སོང༌། འདི་ལྟར་ང་ཚོ་ཚང་མ་ཕྱི་ཕྱོགས་སུ་མོས་ཤིང་ཕྱི་ཕྱོགས་སུ་དུངས་པ་ནི་དུས་རབས་ཀྱི་འཕོ་འགྱུར་ཞིག་ཏུ་བསམ་མོད། མི་རིགས་ཤིག་གི་བདག་དབང་ཡོངས་སུ་ཤོར་ཚར་བའི་ང་ཚོ་ལ་མཚོན་ན། དེ་ནི་ཆེས་ཁ་འཐོར་ཅན་དང་ཆེས་གཞན་བསྟུན་ཅན་དུ་འགྲོ་བའི་ལམ་ཁ་ཉག་ཅིག་མིན་ནམ། འོ་ན་ང་ཚོ་ཚང་མ་འདི་ལྟར་བུད་སོང་བའི་ཤུལ་ན་ཅི་ཞིག་ལྷག་ཡོད། ཁ་ཆར་བུ་ཡུག་གི་འགྲམ་ལྕག་སྒོམ་བཞིན་པའི་ཡུལ་མི་གླེན་པ་ཚོ་ཡོད། ཤེས་རིག་གི་སྐར་ཁུང་མ་མཐོང་བའི་རྒན་རྒོན་གཤིས་འཇམ་ཚོ་ཡོད། གནས་ཡུལ་ན་མིག་ཆུ་གཏོང་བཞིན་པའི་བུ་མོ་ཉམ་ཆུང་ཚོ་ཡོད། ད་དུང་གྲོང་མཐའི་ཆང་ཁང་ན་འཁྱམས་པའི་ཕོ་གསར་ཀླད་སྟོང་ཚོ་ཡོད། ཨ་མེས་ཀྱི་ཐུ་འོག་ན་རྫི་གཡོག་ལ་གོམས་པའི་བྱིས་པ་ལོ་ཆུང་ཚོ་ཡོད།
དེས་ན་ཁོ་ཚོ་ལ་ཅི་ཞིག་ཡོད་དམ། ཕ་མེས་ཀྱིས་གནང་བའི་དྲོད་ལམ་ལམ་གྱི་སེམས་པ་ལས་ཅི་ཡང་མེད། རང་སྲོག་གཏའ་མར་འབུལ་ཕོད་པའི་ཞུམ་མེད་ཀྱི་སྙིང་སྟོབས་ལས་ཅི་ཡང་མེད། འདི་ཙམ་ཞིག་གིས་གཡོ་ཟོལ་ནག་པོར་དགུ་མདུད་རྒྱག་བཞིན་པའི་དབང་བསྒྱུར་ལ་ཡ་ལན་བྱེད་ཐུབ་བམ། འདི་ཙམ་གྱིས་ཆུ་ཀློང་བཞིན་བརྡོལ་བཞིན་པའི་དུས་རབས་འདིའི་འགལ་འདུ་མང་པོ་ཞིག་གི་གཏིང་མཐའ་མཐོང་ཐུབ་བམ། འདི་ཙམ་གྱིས་ཆབ་སྲིད་ཀྱི་འཁྲུག་ཆ་དོད་པའི་འཁོར་རྒྱུག་རེ་རེ་ལ་རྒྱུས་ལོན་ཇི་ལྟར་བྱེད། དེ་བས་འདར་ལྕིག་ལྕིག་གི་ཁོ་ཚོར་ཅི་ཞིག་མཁོའམ། དྲང་བདེན་དང་ཁྲིམས་ལུགས་རང་བཞིན་གྱི་རྒྱབ་སྐྱོར་ཞིག་དགོས་ལ། དེ་བཞིན་གཏིང་ཟབ་པའི་ཆབ་སྲིད་ཀྱི་གཞུང་ལུགས་ལས་ལག་ལེན་དངོས་ལ་ཞུགས་ཕོད་པའི་རྒྱབ་སྐྱོར་དང་སྐུལ་འདེད་དགོས། དེ་ལྟར་མིན་ཚེ་ད་ལྟ་ང་ཚོའི་གྲས་ཀྱི་ལོ་ན་མཐོ་བའི་བོད་མི་ལྷག་བསམ་ཅན་དང་ཤ་ཞེན་ཅན་མང་པོ་ཞིག་དུས་ཀྱི་འགྲོས་དང་བསྟུན་ནས་ང་ཚོ་དང་གཏན་དུ་གྱེས་བཞིན་ཡོད་ལ། ཤུལ་དུ་ལྷག་པའི་ཤེས་འཇོན་གཉིས་ལྡན་གྱི་བོད་མི་གཞོན་སྐྱེས་པ་མང་ཤོས་ཤིག་འདི་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་རང་གི་སྤྱི་ཚོགས་དང་ཁ་ཐག་རིང་དུ་འགྲོ་བཞིན་པའི་སྣང་ཚུལ་འདིས་ཅི་ཞིག་སྟོན་གྱིན་འདུག འདི་ལས་མིག་འབྲས་བཞིན་གཅེས་པར་འོས་པའི་ང་ཚོའི་མ་འོངས་པའི་བདག་པོ་ག་ཚོད་ཅིག་རང་ཉིད་བོར་དགོས་པའི་ཁ་ཕྱོགས་ཤིག་ལ་ཁྲིད་བཞིན་ཡོད། ང་ཚོ་རྗེས་ཤུལ་ན་ན་ཟུག་དང་འུ་ཐུག་གིས་འཚོ་བཞིན་པའི་བོད་མི་ག་ཚོད་ཅིག་ལ་ཅི་འདྲའི་བློ་ཕམ་དང་ཡིད་ཆད་ཀྱི་གདུང་བ་སྐྱེས་སུ་བཅུག་ཡོད་ཨང༌། ལྷག་པར་མི་རིགས་ཤིག་གི་ཡོད་ཚད་ལ་འཇིག་ཉེན་བྱུང་བའི་དེ་རིང༌། ང་ཚོས་འདི་ལྟར་རང་ཉིད་ནར་སོན་སའི་ཕ་ཡུལ་དྲོན་མོ་རྒྱང་དུ་བསྐྱུར་ཅིང་རང་གི་ཤ་ཁྲག་རུས་གསུམ་ལ་འཐིམ་ཟིན་པའི་རིག་གཞུང་ཡལ་བར་དོར་ནས། མི་རིགས་གཞན་དང་གཞན་གྱི་རིག་གཞུང་ལ་བརྩི་མཐོང་བྱེད་པའི་ཁ་ཕྱོགས་ཤིག་འདེམས་བཞིན་པ་འདིས། ང་ཚོའི་མཐར་ཐུག་གི་འཚོ་གནས་དང་བདག་དབང་ལ་ཁ་ཕྱོགས་ག་འདྲ་ཞིག་བསྐྲུན་ཐུབ་བམ། མདོར་ན་ད་ལྟའི་ང་ཚོའི་གྲས་ཀྱི་མང་པོ་ཞིག་གིས་རང་ཉིད་ནམ་ཡང་གཞན་དག་ལ་འཐིམ་རྒྱུའི་སྟ་གོན་བྱེད་བཞིན་འདུག་ལ། གཞན་དག་ལ་སྐྱབས་རྟེན་བྱེད་པའི་འདུ་ཤེས་ཞིག་བསྐྲུན་བཞིན་འདུག་པས་ན། ད་ནི་ང་ཚོས་ཀྱང་འདིའི་སྐོར་ལ་བཅོས་བསྒྱུར་དང་ཁ་ཕྱོགས་གཞན་ཞིག་འཚོལ་རན་འདུག རྒྱུ་མཚན་མི་རིགས་ཤིག་རྒྱུན་རིང་དུ་གནས་པ་ལ་དང་པོ་རང་ཉིད་ལ་རང་ཉིད་ཀྱི་རང་རྐྱ་ཐུབ་པའི་སྤྱི་ཚོགས་ཁོར་ཡུག་ཅིག་ངེས་པར་དགོས་ལ། དེ་བཞིན་དུ་རང་གི་ཤེས་རིག་ལ་བརྟེན་ནས་རང་ཉིད་ཀྱི་བསམ་བློ་གསར་པ་ཞིག་ཀྱང་བཞེངས་བསྐྲུན་བྱེད་དགོས། འདི་ལྟར་བྱས་ཚེ་གཞན་གྱི་བཙན་དབང་དང་དྲག་གནོན་ཇི་འདྲའི་རྩུབ་ཀྱང་ང་ཚོའི་བླ་སྲོག་གི་རུས་རྐང་འཇིག་མི་སྲིད་པས། ང་ཚོས་རང་ཉིད་ཀྱི་ཁྱིམ་གཞི་འཛུགས་པའི་དམིགས་ཡུལ་དང་ཐབས་ལམ་མང་པོ་ད་དུང་རྒྱང་དུ་བསྲིངས་ཆོག་པ་མིན་ནམ། དེ་བས་ང་ཚོས་ནམ་ཡང་རང་ཉིད་རང་ཉིད་ཀྱིས་སྐྱོབ་དགོས་པའི་གནས་ལུགས་དེ་རྟོགས་པར་བྱས་ནས་རང་ཉིད་རང་ཉིད་ཀྱིས་གསོད་མི་རུང་བའི་གནས་ལུགས་དེ་ཡང་ཡང་འཚོལ་རྒྱུ་ལས་གལ་ཆེ་བ་ཅི་ཞིག་ཡོད།
                  ༢༠༠༩ ༤  ༡༨

བཤད་འདོད་པའི་སྐད་ཆ་ཐོག་མ།
                               སྨྱུག་རྩེ་མ། སཱ་ར།

          གངས་རིའི་སྲས་མོ་ཚོ། བྱ་བཞག་ཞིག་ལ་ཁ་སྒོ་གཏད་ནའང་མཇུག་མ་རིང་བའི་བརྩོན་འགྲུས་ཀྱི་གཉེན་པོ་སྡུག་རུས་མེད་པའི་ལེ་ལོའི་གཞན་དབང་དུ་སོང་བའི་རྐྱེན་གྱིས། ང་ཚོའི་མི་རིགས་ལ་འོད་མདངས་འཕྲོ་བ་དཀའ་མོ་དཀའ་མོ་བྱུང་བས་སྙིང་རུས་ཀྱི་སྤོབས་པ་མདུན་དུ་བསྐྱོད་དུས་ཨ་ཐང་མ་ཆད་ཨཱང༌། བདག་འཇིག་རྟེན་འདི་ནས་མ་ཡུམ་གྱི་པང་དུ་ལྷུང་ཉིན། ཕ་དམ་པའི་བརྩེ་བའི་ཕྱག་འཇུ་ཙམ་ཡང་མི་གནང་བར་གཤེགས་ཤིང་ཕྱི་མའི་སྐྱེ་ལམ་ཞིག་འགོ་ཚུགས་སོང་བ་ཡིན། འོན་ཀྱང༌། དུས་དེ་རིང་བར་གཡོ་ལྷད་མེད་པའི་ཕ་དང་བུ་མོའི་བརྩེ་བའི་བག་ཆགས་ཤིག་གི་དཀའ་ངལ་ཁྲོད་ནས་བདག་ལ་སྙིང་སྟོབས་ཀྱི་ངར་ཁ་སློང་དུས། ཁོང་དང་ང་ལས་དབང་གཅིག་ཏུ་སྐྱེས་པ་ཚོར་ཡང་ངེད་མེས་ཡུམ་ཚོར་མནར་བའི་གདུང་བ་ཞིག་སྟེར་ན་འདོད་ཚེ་བསམ་བློའི་གོ་རྟོགས་འཕོངས་རྐྱེན་དང༌། སྙིང་རྗེའི་ངོ་བོ་འགྱུར་རྐྱེན། ད་དུང་རྒྱུ་འབྲས་ཤིག་མི་འགྲོ་ཀི། དེར་བརྟེན། མ་འོངས་པའི་ཕྱིར་ན་འདས་པའི་མི་མཁོ་ཅན་གྱི་ལོ་རྒྱུས་ལ་ཨ་སློག་མང་མི་ཉན། དགོས་པ་ཞིག་མ་མཐོང་བས། བུད་མེད་ཀྱི་ཐུན་མིན་ཁྱད་ཆོས་སྐྱེས་པས་ཚབ་བྱེད་མི་ཐུབ་ལ། སྐྱེས་པའི་ཐུན་མིན་ཁྱད་ཆོས་ཀྱི་ཚབ་བུད་མེད་ཀྱིས་ནམ་ཡང་བྱེད་མི་ཐུབ་པས། ཐུན་མོང་ཆིག་སྒྲིལ་དང༌། ཤ་ཚའི་ལྷག་བསམ་གྱི་བརྩེ་བ་རྣལ་མ་ཞིག་དང་ལྷན་དུ་གཅིག་ལ་གཅིག་བརྟེན་གྱི་བདེ་སྐྱིད་ཅིག རང་དབང་ཞིག ཞི་བདེ་ཞིག་འཐོབ་རེ་བྱེད་རྒྱུ་ལས་གཞན་མ་འདས།
 སྲས་མོ་ཚོ། འུ་ཚོའི་ལང་ཚོ་ནི་དུས་ཚོད་ཀྱིས་འདའ་བཞིན་ཡོད་ལ། ང་ཚོའི་མི་རབས་ནི་དུས་རབས་ཤིག་གི་འཁོར་མཚམས་ནས་བརྗེ་སྤོ་བྱེད། ཤ་གསེང་ནས་དམ་བཅའ་རེ་སྦྱར་ཏེ་མེས་པོའི་ཤུལ་རྗེས་དང་མེས་པོའི་རིག་གནས་ཕྲ་མོ་ཙམ་ཡང་མི་འབོར་བར་བྱེད་དོ་སྙམ་ན་ཡང་རང་དབང་ཞིག་ཨེ་ཡོད། ཁོམ་པ་ཞིག་ཨེ་ཡོད། ལག་ལེན་ན་ཨེ་ཡོད། དེས་འུ་ཚོས་དུས་རབས་ཀྱི་བར་མཚམས་ནས་བསམ་བློའི་གདེང་འཇོག་ཅིག་ངེས་རྙེད་ཐུབ་པ་བྱས་ཏེ་མེས་པོའི་རིག་གནས་དག དུས་འདིར་དོན་མཁོ་ཅན་དག་གཅེས་པར་ཉར་ནས་བརྒྱུད་སྤེལ་དང༌། རང་དབང་མེད་པའི་རིག་གནས་སྔོན་ཐོན་ཅན་ལ་ཤེས་བྱའི་མཁྲེགས་འཛིན་དེ་དོར་ནས་ཤེས་ཐབས་ནི། ཐམས་ཅད་ལ་ལད་མོ་ཁོ་ན་མིན་པར་གསར་བཏོད་ཀྱི་ལམ་བུ་བཤངས་ཏེ། འུ་ཚོ་ནམ་ཡང་རྗེས་ལུས་ཀྱི་འདམ་ནང་འཐིམས་མི་རུང་བར་མུ་མཐུད་མདུན་བསྐྱོད་དང༌། འཕག་མཆོངས་རེ་བྱས་ཀྱང་མི་འོས་པ་ཅི་ཡང་མེད་པས་བརྩོན་འགྲུས་ཀྱི་དམ་བཅའ་བརྟན་གྱུར་ཅིག
          ཁ་བ་ཚང་ནི་སྡུག་བསྔལ་མ་སངས་པའི་མྱ་ངན་ཁོ་ན་དང༌། འུ་ཚོ་ནི་གཤོག་སྒྲོ་མ་རྒྱས་པའི་རྒོད་ཆུང་ཞིག ལྕེ་མནར་བཞིན་མཛུབ་མོ་གཞན་བཙུགས་ཀྱི་ལོ་ཟླ་མཇུག་བསྡུས་ཏེ་རང་མཚང་རང་བརྗོད་ཀྱིས་བུད་མེད་ཚོར་སློབ་གསོ་སྟེར་གྱིན། རང་ཉིད་ནས་སེམས་གཤིས་བཟང་ཕྱོགས་ཡོང་བ་ཁོ་ནར་བརྩོན་ཚེ་བུད་མེད་ལ་ཡར་རྒྱས་ཀྱི་གླུ་དབྱངས་ཤིག་ལེན་རྒྱུ་ཡོང་སྲིད་ལ། མཛེས་བཟོ་དང་འདྲ་བའི་ཤེས་རབ་ཀྱི་མ་རྩ་བརྟན་ཚེ་ད་གཟོད་བུད་མེད་ཀྱི་སེམས་པས་སེམས་པ་གཞན་ཞིག་ལ་སྣེ་འཁྲིད་བྱེད་ཐུབ་པས། དོ་ནུབ་ཁོར་ཡུག་ཡོད་ཚད་ཀྱི་མཚན་མོ་སྐྱ་རེངས་འཆར་དུ་ཡོད་པའི་འདུན་པ་ཞིག་བཟུང་ནས་མནོ་བསམ་བསྐྱེད་ཅིག
          མདོར་ན་ཡོད་ཚད་ཀྱི་ཡོད་ཚད་ནི་ཤེས་ཡོན་ཡིན་པས། ཀུན་སློང་གཙང་བའི་ཤེས་ཡོན་སྣ་ཚོགས་ལ་མཁས་པའི་མ་རྩ་བསྐྲུན་ཅིག་ཀྱེ།
     ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༨ ཀྱི་མཚན་མོར།

བཀའ་བློན་ཁྲི་པའི་སྐོར་གྱི་རྟོག་འཆར་མིག་འབྲས་མ།
      སྒྲོལ་དཀར་འཚོ། ཤེས་རིག་ཀུན་ཕན་སློབ་གྲྭ།
         
          ད་ལྟའི་ང་ཚོའི་སྤྱི་ཚོགས་གང་སར་ཆེས་འ་འུར་ཟང་ཟིང་གིས་གླེང་སློང་ཤུགས་ཆེན་བྱེད་བཞིན་ཡོད་པ་ནི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་ག་འདྲ་ཞིག་གདམས་དགོས་མིན་དེ་རེད། འཛམ་གླིང་གི་ཤར་ནུབ་དང་བོད་ཕྱི་ནང་གང་ནས་ཡིན་རུང་ཁ་པར་དང་གློག་འཕྲིན། གླེང་མོལ་སོགས་བརྒྱུད་ནས་རང་རང་གི་བཀའ་བློན་ཁྲི་པའི་སྐོར་གྱི་བསམ་བློ་བརྗེ་རེས་བྱས་ནས་འོས་མི་གསལ་བསྒྲགས་བྱེད་བཞིན་པ་སོགས་རེད། གང་ལྟར་ཀྱང་ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་མི་རེ་རེའི་ཕྲག་ཏུ་བབ་པའི་འོས་འགན་དང་འགན་འཁྲི་ངོ་མ་ཞིག་ཡོད་པ་ནང་བཞིན་ང་ཚོས་ཀྱང་ཤེས་རྟོགས་བྱུང་བ་སྔར་ལས་ཀྱང་མང་དུ་འགྲོ་བཞིན་ཡོད་པ་ཤེས་ཐུབ།
          རང་ཉིད་ལ་མཚོན་ན་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འདེམས་པའི་གོ་སྐབས་ཐེངས་དང་པོ་ཡིན་ཕྱིར་སྔོན་མ་ཚོ་གང་འདྲ་བྱས་ནས་བདམས་པ་དང་བོད་མི་མང་ཉུང་ག་ཚོད་ཀྱིས་བདམས་མིན་དངོས་སུ་མ་མཐོང་ཡང་སྤྱི་ཚོགས་ནང་གི་སྐད་ཆའི་གླེང་ཕྱོགས་ཀྱིས་ཕལ་ཆེར་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། ངས་ཐེངས་འགར་གྲོགས་པོ་ཚོ་དང་མཉམ་དུ་བཀའ་བློན་ཁྲི་པའི་སྐོར་ལ་བགྲོ་གླེང་དང་ཡང་ན་བསམ་ཚུལ་བརྗེ་རེས་ཐེངས་ཁ་ཤས་བྱས་པའི་བརྒྱུད་རིམ་ཁྲོད་ནས་ཤེས་ཐུབ་པ་ནི། མི་སུམ་ཅུར་བསམ་ཚུལ་སུམ་ཅུ་དང་མཛོ་སུམ་ཅུར་རྭ་རྩེ་དྲུག་ཅུ་ཟེར་བ་བཞིན་རྒན་གཞོན་དང་ཕོ་མོ། སྐྱ་སེར་སོགས་གླེང་ཕྱོགས་འདྲ་མིན་སྐོར་ལ་གླེང་སློང་བྱེད་བཞིན་འདུག་པས། ཁ་ཤས་ནི་དེ་ལས་ལྡོག་སྟེ་ཁོང་ཚོའི་གྲོགས་ཉེ་དུ་སོགས་ཀྱིས་བཤད་པ་འདེམ་གྱི་ཡོད་པས་རང་ཉིད་ཀྱིས་རང་ཉིད་ཀྱི་ཐོབ་ཐང་དང་ཁེ་དབང་སྤུ་ཉག་འདྲ་བོའང་གཞན་དབང་རྐྱང་རྐྱང་གིས་རང་ཉིད་ཀྱི་བསམ་ཚུལ་ཙམ་ཡང་འདེམ་ཐུབ་ཀྱི་མེད། འགའ་ཤས་ཀྱིས་བཀའ་བློན་ཁྲི་པའི་འོས་མི་ཚོའི་སྐྱེས་ཁུངས་དང་རིགས་རྒྱུད་སོགས་ཀྱི་ཕྱོགས་སུ་ན། གཡོན་ལྷུང་གིས་གདམ་ན་བཟང་རབས་ཀྱང་ཤོད་ཀྱིན་ཡོད། ཡང་ལ་ལས་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་འགན་མི་ཁུར་བ་མ་ཟད། ྋགོང་ས་མཆོག་གིས་གསོལ་རས་བསྩལ་བའི་མང་གཙོའི་ཁེ་དབང་དང་དེའི་འགན་འཁྲི་སོགས་ཀྱང་གོང་བཀུར་དང་རྩིས་ཐང་མེད་པར་རྡོག་རྫིས་བྱེད་བཞིན་ཡོད་པ་གསལ་པོ་རེད།
          འུ་ཚང་གི་རྒན་པ་དང་གཞུང་ཞབས་མང་ཆེ་བའི་ཤེས་ཡོན་ལས་ཉམས་མྱོང་ཡོད་པའི་རྒན་པ་ཞིག་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པར་གདམ་དགོས་པའི་བསམ་ཚུལ་གནང་མཁན་མང་ལ། གལ་སྲིད་ཉམས་མྱོང་མེད་ན་ཤེས་ཡོན་ནི་ཁ་ཕྱོགས་བོར་བའི་རླུང་བུ་ལྟ་བུའི་ངོ་བོར་ངོས་འཛིན་བྱེད་མཁན་དེ་བས་ཀྱང་མང༌། ཡང་གཞོན་སྐྱེས་མང་ཆེ་བའི་བསམ་ཚུལ་དང་གླེང་ཕྱོགས་ནི་ཐེངས་འདིའི་བཀའ་བློན་ཁྲི་པ་ནི་ཁ་ཚ་དགོས་གཏུག་གི་དུས་ཚོད་ལ་འཁེལ་ཡོད་པས་ངེས་པར་དུ་ཤེས་འཇོན་གཉིས་ལྡན་གྱི་གཞོན་སྐྱེས་ཤིག་དང་ལྷག་པར་དུ་སྐྱ་བོ་ཞིག་གདམ་རྒྱུ་གལ་ཆེན་དུ་བརྩི་བཞིན་འདུག་ལ། གཞོན་སྐྱེས་ཤིག་གདམ་ན་བསམ་བློའི་ནུས་སྟོབས་དང་སྙིང་སྟོབས་ཀྱི་ནུས་ཤུགས་སོགས་ཀྱང་རྒན་རབས་ལས་བཟང་རབས་ཤོད་མཁན་ཡང་འདུག་པར་མ་ཟད། ད་དུང་ཁ་ཤས་ཀྱིས་བཀའ་བློན་ཁྲི་པ་ནི་ཤེས་འཇོན་མྱོང་གསུམ་ལྡན་པའི་བུད་མེད་ཅིག་གདམ་ན། གཅིག་ནས་ང་ཚོའི་བོད་མིའི་ལོ་རྒྱུས་ཀྱི་སྟོང་ཆའི་རང་བཞིན་ཞིག་བསྐངས་ཡོད་ལ། གསོན་ཤུགས་གསར་བ་དང་ལོ་རྒྱུས་ལ་བླ་སྲོག་གསར་བ་ཞིག་ཀྱང་བསྐྲུན་ཐུབ་པར་མ་ཟད། རྒྱལ་སྤྱིའི་སྟེང་ལ་འུ་ཚང་གི་མང་གཙོ་འདི་ཚད་གཞི་ངེས་ཅན་དང་ཡང་དག་པའི་ལམ་ལུགས་ཤིག་ཡིན་པ་བདེན་དཔང་བྱེད་ཐུབ་པའི་གདེང་ཚོད་ཀྱང་བྱེད་མཁན་མང་བར་འདོད། གཉིས་ནས་སྐྱེས་མ་ནི་སྐྱེས་པ་ལས་བྱམས་དང་སྙིང་རྗེ། ཞི་འཇམ་དང་བསྟུན་ཤེས་ཆེ་བ་བཤད་མི་དགོས་ཟེར་མཁན་ཡང་ཡོད། འཛམ་གླིང་འདིར་མི་གསོད་ཁྲག་སྦྱོར་བྱེད་མཁན་སྐྱེས་པ་ལས་སྐྱེས་མ་ཧ་ཅང་ཉུང་ཉུང་ཡིན། དེར་བརྟེན་འུ་ཚོས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་དེ་བུད་མེད་ཞིག་གདམ་ན་ྋགོང་ས་མཆོག་གིས་གསོལ་རས་གནང་བའི་ཡང་དག་པའི་མང་གཙོ་དང་འཚེ་མེད་ཞི་བའི་ལྟ་གྲུབ་དེའང་འཛམ་གླིང་སྒང་ལ་དར་ཁྱབ་འགྲོ་བར་ཕན་ནུས་གལ་ཆེན་འདོན་ཐུབ་པའི་ཚོད་དཔག་བྱེད་མཁན་ཡང་ཡོད་ཚོད་རེད།
          གང་ལྟར་ཀྱང་ང་ཚོས་བཀའ་བློན་ཁྲི་པའི་སྐྱེས་ཁུངས་དང་ཆོལ་ཁ། ལྟ་བ་སོགས་དོར་ནས་དྲང་བདེན་དང་ལྷག་བསམ་གྱིས་གདམ་དགོས་པ་འུ་ཚོའི་འོས་འགན་ངོ་མ་ཡིན། ང་ཚོ་ནི་རྒྱལ་ཁབ་ཤོར་བའི་མི་མང་ཞིག་ལ་མཚོན་ན་བཀའ་བློན་ཁྲི་པའི་སྐྱེས་ཁུངས་དང་ལྟ་བ། རྒན་གཞོན་རྩོད་པ་དང་དབྱེ་འབྱེད་བྱེད་པའི་དུས་ཚོད་ག་ལ་ཡིན། ངས་བསམ་ན་དེ་ལས་ལྡོག་སྟེ་ཤེས་འཇོན་མྱོང་གསུམ་དང་ལྷག་བསམ་དང་དྲང་ཚུགས། ཆོད་སེམས་དང་འགན་ཁུར་གྱི་ནུས་ཤུགས་ལྡན་པའི་མི་ཞིག་ཡིན་ན་ཕོ་མོ་དང་རྒན་གཞོན་གང་ཡིན་ཡང་ཁྱད་པར་མེད། བཀའ་བློན་ཁྲི་པ་ནི་ང་ཚོའི་འབྱུང་འགྱུར་གྱི་སྲོག་ཤིང་དང་གཞིས་བྱེས་བོད་མི་ས་ཡ་དྲུག་གི་གནད་དོན་གྱི་གཞི་བཅོལ་སའི་ཡ་ཐོད་ཀྱི་མིག་དང་ཡ་ཆུང་གི་སྙིང་ལྟ་བུ་ཞིག་ཅི་ལ་མིན།   
༢༠༡༠ལོའི་ཟླ་༡༠ཚེས་༡༠ཉིན་ཤེས་རིག་ཀུན་ཕན་སློབ་གླིང་ནས་བྲིས།


དེང་སང་བཙུན་མ་རྣམས་ཀྱིས་སློབ་སྦྱོང་བྱེད་ན་ཕན་ཐོགས་ཡོད་དམ་མེད།
                  ཟླ་བ་ཆོས་མཚོ། སྒྲོལ་མ་གླིང༌།

          དེང་སང་བཙུན་མ་རྣམས་ཀྱིས་སློབ་སྦྱོང་བྱེད་ན་ཕན་ཐོགས་ཡོད་མེད་ཅེས་པའི་བརྗོད་གཞི་འདིའི་ཐོག་ནས་ཁོ་མོས་བསམ་ཚུལ་འདི་ལྟར་བརྗོད་འདོད།
སྤྱིར་འཛམ་གླིང་གི་ཁྱིམ་ཚང་ཆེན་པོའི་ནང་བོད་མི་རིགས་འདི་ཉིད་ནི་སྔར་ནས་ད་བར་དུ་རྨད་དུ་བྱུང་བའི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་རིག་གནས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡུལ་གོམས་གཤིས་ལུགས་སོགས་མི་རིགས་གཞན་ལས་ལྷག་པའི་མི་རིགས་ཤིག་ཡིན་པ་ཚང་མས་མཁྱེན་གསལ་རེད། ཡིན་ནའང༌། ཤེས་ཡོན་འོད་རླབས་འཕྲོ་བའི་དུས་རབས་ཉེར་གཅིག་པ་འདིར་བོད་ཆོལ་ཁ་གསུམ་གྱི་ནང་དུ་བོད་རིགས་མི་ཉུང་བ་ཞིག་གིས་ད་དུང་བོད་སྐད་དང་བོད་ཡིག་མི་ཤེས་པའི་གནས་ཚུལ་མང་པོ་ང་ཚོའི་མཐོང་ཆོས་སུ་གྱུར་ཡོད། དེ་ནི་ང་ཚོས་སེམས་ཁུར་བྱ་དགོས་ས་ཞིག་རེད་དམ་མ་རེད། དེར་བརྟེན། རྒྱལ་ཁབ་བམ་མི་རིགས་ཤིག་ཡུན་རིང་གནས་མིན་ནི་མི་རིགས་དེའི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ་ལ་ཐུག་ཡོད། སྐད་དང་ཡི་གེ་ནི་མི་རིགས་དེའི་བླ་སྲོག་ལྟ་བུ་ཞིག་ཡིན་པས། བླ་སྲོག་དེ་འཛམ་གླིང་འདིར་ཡུན་རིང་འཚོ་གནས་ཐུབ་མིན་ནི་མི་རིགས་དེའི་མི་རེ་ངོ་རེའི་ཡིག་རྨོངས་སེལ་ནས་ཡར་རྒྱས་ཀྱི་རྣམ་པ་སྟོན་དགོས་པ་ལས། བོད་ཀྱི་རིགས་རུས་ཡིན་པ་ཙམ་གྱིས་ཕན་ཐོགས་ཀྱི་མེད། ལྷག་པར་དུ་ཉག་ཕྲ་བའི་དུས་ཚོད་འདིའི་ནང་བོད་མི་སློབ་སྦྱོང་ཡོད་མཁན་ག་ཚད་མང་བ་དེ་ཙམ་གྱིས་བོད་སྤྱི་ཡོངས་ལ་ཕན་ཐོགས་ཀྱི་ནུས་པ་བསྐྲུན་ཐུབ་ཀྱི་རེད།

རྒྱུ་མཚན་དེ་ལ་བརྟེན་ནས། བོད་ཀྱི་བཙུན་མ་རྣམས་ཀྱིས་སློབ་སྦྱོང་བྱས་ན་མ་འོངས་པར་ཕན་ཐོགས་ཡོད་དམ་མེད་ཅེས་པའི་དྲི་ཚིག་འདི་ལ་ངས་ཐེ་ཚོམ་མེད་པར། ཕན་ཐོགས་ཡོད་ཅེས་ལན་འདེབས་ཐུབ་སྙམ། གང་ཡིན་ཟེར་ན། འདས་ཟིན་པའི་རིང་བཙུན་མ་རྣམས་ཀྱིས་སློབ་སྦྱོང་བྱས་ཏེ་ད་ལྟ་སྤྱི་ཚོགས་ནང་མི་ཉུང་བ་ཞིག་གིས་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་ཡོད་ལ། མ་འོངས་པར་བོད་པའི་སྤྱི་ཚོགས་ནང་ཏན་ཏན་ཕན་ཐོགས་མི་ཉུང་བ་ཞིག་ཡོང་ངེས་རེད།
ང་ཚོས་ལོ་རྒྱུས་གསར་རྐྱང་ཞིག་བསྐྲུན་པ་ལ་དཔའ་ངར་ལྡན་པའི་སྒོ་ནས་བོད་པ་ཡོད་དོ་ཅོག་གིས་སློབ་སྦྱོང་བྱེད་དགོས་པ་ལས། བོད་པ་ཁ་ཤས་ཤིག་གིས་སློབ་སྦྱོང་བྱས་ནས་ང་ཚོས་དུས་རབས་གསར་བའི་རྗེས་ཟིན་ག་ལ་ཐུབ།
དེ་ནས་ང་ཚོས་ཉིན་ལྟར་འུད་སྒྲོག་དང༌། སྟོང་བཤད། འཆོལ་བཤད། རྩུབ་བཤད་བཅས་བྱས་ཏེ་མགོ་བོ་གདུགས་ལྟར་མ་འཁོར་བར་མཛེས་སྡུག་ལྡན་ཞིང༌། ཐོན་ཁུངས་ཕྱུག་པ། མཐའ་ཡས་པའི་ཕ་ཡུལ་ཆེད་དང༌། བཀའ་དྲིན་ཆེ་བའི་མེས་པོ་དང་མེས་མོ་རྣམས་ཀྱི་དཀའ་སྡུག་གི་རྔུལ་ཆུ་ལས་བྱུང་བའི་མི་རིགས་ཀྱི་མདུན་ལམ་དང་ལས་ཀྱི་སྐལ་བ་དེ་གཟི་འོད་ཕུན་སུམ་ཚོགས་པར་འགྱུར་ཆེད་ཕོ་མོ་རིགས་རུས་མེད་པར་རྡོག་རྩ་གཅིག་སྒྲིལ་གྱིས་ཤེས་ཡོན་གྱི་ལག་ཆ་བརྟན་པོ་ལེན་རྒྱུ་ནི་བོད་མི་ཡོངས་ཀྱི་ཕྲག་ཏུ་བབ་པའི་འོས་འགན་ཞིག་ཡིན།
གང་ལྟར་ཡང༌། བཙུན་མ་ཡིན་ནའང་འདྲ། བོད་པ་སུ་འདྲ་ཞིག་ཡིན་རུང་མ་འོངས་བོད་མི་རིགས་ཀྱི་ཆེད་དུ་སྙིང་སྟོབས་ཆེན་པོས་སློབ་སྦྱོང་བྱེད་རྒྱུ་ངའི་རེ་བ་ཡིན


སྣང་བ་ཐན་ཐུན་དང་འཆར་སྣང་རབ་རིབ།
ཏིང་འཛིན་སྐྱིད། ནོར་གླིང༌།
 ང་རང་སློབ་གྲྭར་ཡོད་པའི་ཉིན་ཞིག་སྟེ་ཕྱི་ལོ་ཉིས་སྟོང་དྲུག་གི་ཕྱི་ཟླ་བཞི་པའི་ཚེས་བཅུ་གསུམ་ཉིན་ལ་ངའི་ལུས་པོ་ཅུང་བདེ་བོ་མི་འདུག སློབ་གྲྭའི་སྨན་གཡོག་ལག་ནས་ནད་པའི་དགོངས་ཤོག་ཅིག་བླངས་ཏེ་བོད་གཞུང་སྨན་རྩིས་ཁང་ལ་སོང་བ་ཡིན། སློབ་གྲྭའི་རླངས་འཁོར་འབབ་ཚིགས་སུ་རླངས་འཁོར་ལ་བསྡད་ནས་རྡ་ཤོད་བར་དུ་སོང༌། རྡ་ཤོད་ནས་སྨན་ཁང་བར་ལམ་ཐག་དེ་ཙམ་མི་རིང་བས་ངས་གོམ་པ་རྒྱབ་ནས་འགྲོ་འགོ་བརྩམས། ལམ་སྐེད་ཅིག་ལ་སླེབས་དུས་ངའི་མདུན་ནས་ཆུ་སྦུག་ཅིག་བརྡོལ་ནས་ཆུ་གནམ་ལ་འཕྱོ་བཞིན་འདུག་པར་ངས་དེ་ལས་ལག་པ་ཅུང་ཙམ་དཀྲུས་ཤིང་ངལ་གསོ་ཞིག་རྒྱབ་པ་ཡིན། སྐབས་དེར་ངས་གློ་བུར་དུ་ཆུ་དེའི་ནང་དུ་འཇའ་ཚོན་སྙིང་རྗེ་བོ་ཞིག་ཤར་འདུག་པ་མཐོང༌། དེ་ནས་ང་རང་ཅུང་ཙམ་ཡ་མཚན་པའི་ངང་མདུན་དུ་འགྲོ་ཞོར་དུ་དེ་ལ་བསམ་གཞིགས་ཡང་ཡང་བྱས་དུས་ནམ་རྒྱུན་འཚོ་བའི་ཁྲོད་ནས་ངས་དེ་འདྲའི་འཇའ་ཚོན་ཞིག་མཐོང་མྱོང་མེད་ལ། ལན་རེར་མཐོང་བ་དེ་ཡང་ཆར་བ་ཆེན་པོ་འབབ་མཚམས་བཞག་རྗེས་རྒྱང་རིང་དུ་འཇའ་ཚོན་ཤར་བ་མཐོང་མྱོང་ཡོད་པ་མ་གཏོགས་དེ་འདྲའི་ཞིབ་ཚགས་པོ་ཞིག་ག་ལ་མཐོང༌། སྐབས་དེར་ངས་གནའ་མིའི་བཤད་རྒྱུན་དེར་བསམ་བློ་ཡང་ཡང་བཏང༌། དེ་ནི་ཁོ་ཚོའི་ངག་རྒྱུན་ལ་འཇའ་ཚོན་ནི་བཀྲ་ཤིས་རྟེན་འབྲེལ་དང་ལོ་ལེགས་འབྱུང་བའི་མཚོན་རྟགས་ཡིན་ཟེར། སྟབས་འཁེལ་བ་ཞིག་ལ་ཉིན་དེར་ྋགོང་ས་མཆོག་ཕྱིའི་རྒྱལ་ཁབ་ག་གེ་མོ་ཞིག་ནས་ཕེབས་ཀྱི་ཡོད་པ་ཐོས་པས། ངའི་སེམས་པར་འདི་ནི་ང་ཡི་དངོས་གྲུབ་དང་ྋགོང་ས་མཆོག་གི་བྱིན་རླབས་ཤིག་རེད་བསམ་སྟེ་ངས་དེ་མ་ཐག་ལག་ཟུང་ཐལ་མོ་སྦྱར་ནས་ཕྱག་འཚལ་ཞིང་སྨོན་ལམ་དང་སྐྱབས་འཇུག་ཡང་ཡང་ཞུས་པ་ཡིན། དེ་ནས་ལོ་གཉིས་ཀྱི་རྗེས་སུ་ངས་རང་ཉིད་ཀྱི་བུ་མོ་ཁྲིད་དེ་བུ་བཅོལ་ཁང་ལ་འགྲོ་སྐབས་སྔོན་གྱི་ཡ་མཚན་ཅན་གྱི་ཆུ་སྦུག་བརྡོལ་བའི་འཇའ་ཚོན་ཞིག་མཐོང་བ་དང་སེམས་ལ་དྲི་རྟགས་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་བསྟར་ཡོང༌། དེ་ནས་བཟུང་ངས་འཇའ་ཚོན་ཇི་ལྟར་ཤར་བའི་སྐོར་ལ་བསམ་བློ་ཡང་ཡང་བཏང་ཚེ་འཇའ་ཚོན་ཤར་བ་ལ་རྒྱུ་རྐྱེན་གཞན་ཞིག་ཡོད་པ་རྟོགས། དེ་ནི་དབྱར་ཁ་ཉི་མ་ཚ་བོ་ཡིན་དུས་ཆུའི་ཟེགས་མ་བར་སྣང་དུ་འཐོར་བའི་ཚེ་ཁ་དོག་རྣམ་པར་བཀྲ་བའི་འཇའ་ཚོན་ཞིག་ཤར་རྒྱུ་ཡོད་པ་གསལ་པོ་ཤེས་རྟོགས་བྱུང༌། དེ་ནས་ངས་དེ་སྔོན་མཐོང་བའི་འཇའ་ཚོན་དེ་ཡང་བྱིན་རླབས་དང་དངོས་གྲུབ་གང་ཡང་མ་ཡིན་པ་ར་སྤྲོད་བྱུང་བ་དང༌། བསམ་བློ་འདི་དག་འོག་ང་ཚོས་དད་པ་བྱེད་སྟངས་དང་ཕྱག་འཚལ་སྟངས་སོགས་ཀྱང་རྦད་དེ་ནོར་འཁྲུལ་དང་རྨོངས་དད་ཁོ་ན་ལས་མ་འདས་པར་མངོན། འོ་ན་དེ་དུས་ངས་ྋགོང་ས་མཆོག་གི་མཛད་འཕྲིན་དང་བཀའ་སློབ་སོགས་ཀྱི་བྱིན་རླབས་དང་དངོས་གྲུབ་རེད་མ་བསམ་པར་ཅིའི་ཕྱིར་འཇའ་ཚོན་ཞིག་བྱིན་རླབས་དང་དངོས་གྲུབ་རེད་བསམ་པ་རེད། དེ་ནི་ང་གཅིག་པུ་མ་ཡིན་པར་ང་ཚོའི་སྤྱི་ཚོགས་ཁྲོད་ཧ་ཅང་རྒྱུན་ལྡན་གྱི་རང་བཞྀན་ཞིག་རེད། དཔེ་མཚོན་ཆུང་ཆུང་ཞིག་བཤད་ན། ྋགོང་ས་མཆོག་དང་མཁས་དབང་དགེ་བཤེས་ཚོས་ཆོས་ཀྱི་གནས་ལུགས་མང་པོ་གསུང་ན་ང་ཚོས་ཉན་ཤེས་ཀྱི་མེད་ལ་དད་པ་ཡང་བྱེད་ཤེས་ཀྱི་མི་འདུག་ལ་བྱེད་མཁན་ཡང་ཉུང་ཉུང་རེད། དེ་ལས་སྔགས་པ་དང་བན་དེ་གང་རུང་ཞིག་ནས་ལྷ་གཏོར་དང་ཀླུ་གཏོར་གྱི་རོལ་མོས་ནམ་མཁའ་གང་ཚེ་སྨོན་ལམ་དང་གསོལ་འདེབས་ཤུགས་དྲག་འདེབས་པའི་ཤེས་རྨོངས་པ་དག་གིས་འཚང་ཁ་བྱེད་པ་རེད། དེ་ནི་ང་དང་ང་འདྲ་བའི་ཤེས་རྨོངས་པ་དག་གི་ནོར་འཁྲུལ་དང་རྨོངས་དད་ཁོ་ན་ལས་རང་ཉིད་བསམ་ཞིབ་དང་དབྱེ་ཞིབ་མེད་པས་དང༌། ཕྱོགས་གཞན་ཞིག་ནས་ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་ཤེས་རྨོངས་ཅན་གྱི་གྲོང་བ་ཕོ་མོ་ཚོས་ཆོས་ལུགས་ལ་བལྟ་བའི་མཐོང་ཚུལ་དང་དེའི་ཤུགས་རྐྱེན་གྱིས་རང་ཉིད་ཀྱི་འཚོ་བའི་ཁ་ཕྱོགས་དང་རང་བྱུང་ཁམས་ལ་བཟུང་བའི་ལྟ་ཚུལ་ལམ་མཐོང་ཚུལ་ལས་རང་ཉིད་ཀྱིས་ཡང་དང་བསྐྱར་དུ་བསམ་ཞིབ་དང་བརྟག་དཔྱད་མང་པོ་བྱེད་རྒྱུ་ལས་དོན་མེད་ཀྱི་ཅ་ཅོའི་གཏམ་དང་རྒྱུ་མཚན་ཁུངས་ལུང་མེད་པའི་སྐད་ཆར་ནམ་ཡང་ཡིད་ཆེས་བྱེད་མི་རུང་བ་ཤེས་རྒྱུ་གལ་ཆེན་རེད་ཅེས་བརྗོད་ན་འདོད།།


    
གངས་ལྷ་མོ། གངས་སྐྱིད།
          ད་ཐེངས་རང་རིགས་གཞོན་སྐྱེས་འགས་མ་ཡུམ་ཞེས་པའི་ཚགས་དེབ་དཔར་འགྲེམ་བྱ་འཆར་གྱི་གཏམ་ཐོས་པ་ནས་བཟུང་བྱ་བཟང་དེར་སྤྲོ་སེམས་ངང་ནས་ཡིད་སྨོན་བྱུང༌། སྔོན་ལ་མཚོན་ནའང་བཙན་བྱོལ་སྤྱི་ཚོགས་ཁྲོད་ཅུང་གྲགས་ཆེ་བ་ནི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་གཉེར་བཞིན་པའི་གཡུ་མཚོ་དུས་དེབ་དང༌། བུད་མེད་ལྷན་ཚོགས་ཀྱི་སྒྲོལ་མ་དུས་དེབ་གཉིས་མཐོང་ཞིང༌། གཡུ་མཚོ་ནི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཉམས་ཞིབ་ཁང་ནས་ལོ་རྒྱུས་ཐོག་གི་བུད་མེད་ཆེད་མཁས་ཚོ་དང་ཆོས་ལུགས་མི་སྣ། དེ་མིན་ཆེད་ལས་ཀྱི་རྣམ་པའི་ཐོག་ནས་ཕུལ་བྱུང་བུད་མེད་ཚོ་ངོས་སྦྱོར་བྱ་ཡུལ་ཞིག་ཡིན་ལ། བོད་ཀྱི་ལོ་རྒྱུས་སུ་བུད་མེད་ཉམས་རྟོགས་ཁྱད་འཕགས་འདྲ་བྱུང་མྱོང་ཡང༌། དེང་དུས་དེ་དག་གི་རྒྱུ་ཆ་ཧ་ཅང་དཀོན་པ་མ་ཟད། འགའ་ཡོད་པ་དེ་དག་ཀྱང་ཁ་འཐོར་དུ་སོང་སྟེ། ད་ཡོད་དུས་དེབ་གཡུ་མཚོའི་ཚེ་སྲོག་ཀྱང་རྒྱུན་མཐུད་བྱ་བར་དཀའ་ཁག་མང་ཙམ་འཕྲད་ཡོད་ངེས་སྙམ། དེ་མིན་དབུས་བུད་མེད་ལྷན་ཚོགས་ཀྱིས་དཔར་འགྲེམས་གནང་བཞིན་པའི་སྒྲོལ་མ་དུས་དེབ་ལ་མཚོན་ན་ཡུལ་གྱར་སྤྱི་ཚོགས་ཁྲོད་ཀྱི་བུད་མེད་གཞོན་དར་ཡོངས་མཉམ་ཞུགས་ཆོག་ཅིང༌། བོད་དབྱིན་སྐད་གཉིས་ཐོག་ནས་ཡུལ་གྱར་བོད་མོ་སྨྱུག་ཐོགས་མ་འགའ་ལ་དུས་རིམ་ལྟར་གཟེངས་དངུལ་མང་ཙམ་རག་ཐུབ་པའི་སྒོ་ནས་འགྲན་རྩོམ་དང་དེ་མིན་ལུགས་མི་འདྲ་བའི་རྩོམ་ཡིག་འགཽད་ས་ཡག་པོ་ཞིག་ཡིན། དེའང་གཙོ་བོ་བོད་མོ་སྨྱུག་ཐོགས་མ་ཉུང་བའི་ཐོག་རྒྱུན་མཐུད་ཀྱིས་རྩོམ་འབྲི་མཁན་ཤིན་ཏུ་དཀོན་ཕྱིན། དུས་ཚིགས་ལྟར་འགྲེམ་སྤེལ་བྱས་ཀྱང་འཁྱོལ་མ་འཁྱོལ་གྱིས་གནས་མུས་དང༌། དེ་བཞིན་སྒྲོལ་མ་གླིང་དཔར་འགྲེམས་བྱེད་བཞིན་པའི་ཐེའུ་གསར་རྩོམ་དེབ་ཀྱི་ཚེ་སྲོག་བསྲིང་ཐབས་ལ་འབད་འབུངས་གནང་མུས་རེད།
          ད་ཐེངས་ལྷག་བསམ་ཅན་གྱི་གཞོན་སྐྱེས་འགས་མ་ཡུམ་ཚགས་དེབ་གསར་སྤེལ་གནང་བར་གཟེངས་མཐོའི་ཡི་རངས་དང་སྦྲགས། དེས་ན་སྒེར་གྱི་མཐོང་སྣང་ལ་ཚགས་དེབ་མང་ཉུང་ལ་མ་ལྟོས་པར་དེའི་ཕྱོགས་ནས་བུད་མེད་དང་འབྲེལ་བའི་གནས་སྟངས་གང་འདྲ་ར་སྤྲོད་བྱ་མིན་ལ་རག་ལུས་ཡོད་པར་སེམས། དཔེར་ན། གལ་ཏེ་མ་ཡུམ་ཚགས་དེབ་ཀྱི་ནང་དོན་གྱི་ཆ་ནས་ཀྱང་མངོན་མཚན་ཅན་མ་འགའ་ཁོ་ནའི་རྗེས་སུ་གཡམ་རྒྱུགས་ཀྱིས་དེ་དག་གི་འདས་མ་འོངས་ད་ལྟ་གསུམ་གྱི་ལོ་རྒྱུས་ལ་གཙིགས་འཛིན་བྱས་ནས་བསྡད་པའམ་ཡང་ན་ཉུང་ངུའི་རིགས་ཀྱི་གནས་ཚུལ་མཁོ་འདོན་ནམ་ཕྱོགས་ལྷུང་ལྟར་ཡིན་ན་ནི་ཚགས་དེབ་འགྲེམ་སྤེལ་གྱི་དམིགས་ཡུལ་འཐུས་ཚང་བ་ཞིག་མིན། དེ་བས་ཡུལ་གྱར་བུད་མེད་སྐྱ་སེར་རྒན་གཞོན་མེད་པའི་ཐོག་ནས་ད་བར་སྤྱི་ཚོགས་སུ་ཕྱིར་མངོན་ཐབས་མ་བྱུང་བའི་བུད་མེད་དང་འབྲེལ་བའི་གནད་དོན་ཁག་རང་རིགས་འདུས་པའི་སྤྱི་ཚོགས་གང་སར་འགྲེམས་སྤེལ་ཐུབ་རྒྱུ་དེ་ནི་དོན་དམ་མ་ཡུམ་ཚགས་པར་གྱིས་ངེས་པར་བསྒྲུབ་དགོས་པའི་བྱ་བ་ཡིན་ལ། དེའང་མ་ཡུམ་ཚགས་པར་གྱི་དམིགས་བྱ་གཙོ་བོ་ཡིན་ཆོག སྤྱི་ཚོགས་གང་རུང་ཞིག་ཏུ་ལེགས་ཉེས་ཀྱི་ཕྱོགས་མང་གནས་ཡོད་པ་ནི་སུས་ཀྱང་ལྡོག་ཏུ་མེད་པའི་དངོས་དོན་ཡིན་སྟབས། ད་ཐེངས་མ་ཡུམ་ཚགས་དེབ་ཀྱིས་གཙོ་བོ་ཡུལ་གྱར་ཁྲོད་བོད་མོ་མང་ཆེར་གྱིས་ལས་འཇུག་བྱ་ཡུལ་འཚེམ་ཁང་དང་ཞུབས་ཞུའི་ལས་རིགས། སློབ་གྲྭ་ཁག་ཏུ་ཕུལ་བྱུང་གི་བུད་མེད་སློབ་དགེ་སོགས་ལས་རིགས་སྣ་ཚོགས་ཀྱི་བུད་མེད་མང་ཙམ་སྤྱི་ཚོགས་སུ་ངོས་སྦྱོར་དང༌། ཁོང་མོ་རྣམས་ཀྱི་ལུས་སེམས་གཉིས་ཀྱི་བདེ་སྡུག་ལ་གཏིང་ཟབ་པོས་བསྔོག་ཐབས། དེ་མིན་ལག་རྩལ་དང་ཤུགས་ལས་སམ་ངལ་ལས་ཀྱིས་མཚོན་པའི་ལས་རིགས་ཁག་གི་བུད་མེད་ཚོའི་འཚོ་བ་དངོས་ཀྱི་གོ་རིམ་མཚོན་ཐབས། ད་དུང་ཡང་བུད་མེད་རང་ངོས་ཀྱི་སྐྱོན་ཆ་གླེང་སློང་ཡོད་པའི་སྒོ་ནས་ལེགས་ཉེས་གཉིས་དཔྱད་བསྡུར་བྱས་པའི་བྱུང་འབྲས། རྒྱུན་རིང་སེམས་ལ་བརྣག་པའི་རང་རིགས་ཡུལ་གྱར་བུད་མེད་རྣམས་ཀྱི་གནད་དོན་གླེང་སློང་བྱ་ཡུལ་མ་ཡུམ་ཚགས་དེབ་ཀྱི་ནང་དོན་ཆ་ནས་མ་འོངས་པར་གང་ཅིའི་ཐད་ནས་འཐུས་ཚང་ཡོང་བའི་སྨོན་འདུན་གྲངས་མང་ཞུ།
          དེ་བཞིན་ཚོགས་པ་དང་མི་སྒེར་གང་རུང་བས་དུས་དེབ་དང་ཚགས་པར་འགོ་བཙུགས་པ་ཙམ་གྱིས་མི་ཕན་པར་རྒྱུན་མཐུད་ནས་ཚེ་སྲོག་བསྲིང་ཐབས་དང༌། ཡང་ན་ནང་དོན་གྱི་ཆ་ནས་ཀྱང་གཞན་དང་མི་འདྲ་བའི་ལེའུ་ཚན་རེ་འདེམས་སྒྲིག་གིས་རང་ངོས་ཀྱི་ཁྱད་ཆོས་མངོན་ཐབས་དགོས་པ་ལས། སྤྱི་ཚོགས་སམ་ཡོངས་ཁྱབ་ཀྱི་གོ་རིམ་ལྟར་སྤེལ་ན་ནི་དེར་ཀློག་པ་པོའི་ལྟ་ཀློག་གི་མོས་པ་ཉམས་སོང་ན་དེ་ནི་ཚགས་དེབ་ཀྱི་རྩ་བའི་གྱོང་གུད་ཡིན་སྟབས། རང་རིགས་ཡུལ་གྱར་བུད་མེད་ཡོངས་ལ་མ་ཡུམ་ཚོ་གཙོས་རང་རིགས་གངས་ཅན་པའི་ཕ་སྐད་ཐོག་ནས་སྙིང་གཏམ་གླེང་ས་སྟེགས་བུ་འདིར་བུད་མེད་རང་ངོས་ནས་ལྷག་བསམ་དང་སྙིང་སྟོབས་ཀྱིས་སྲུང་སྐྱོབ་གཙོ་བོ་དགོས་ཤིང༌། ཡུལ་གྱར་བོད་མོ་ཚོའི་མ་ཡུམ་ཚགས་དེབ་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱ་བ་ནི་སྤོབས་པ་ཅན་གྱི་བུད་མེད་ཡོངས་དང༌། དེ་མིན་བློ་གཟུ་བོར་གནས་པའི་སྐྱེས་པ་རྣམས་ནས་ཀྱང་རང་རིགས་བུད་མེད་རྣམས་ཀྱི་གནད་དོན་གླེང་བའི་ཐོག་མ་ཡུམ་རྣམས་གཞོགས་འདེགས་དགོས་པ་དེ་ཚང་མས་འདོར་ཐབས་མེད་པའི་འོས་འགན་ཡིན། དེ་བཞིན་འདིར་སྐབས་སུ་བབ་པ་གཙོ་བོ་ཝར་ནཱའི་མཐོ་སློབ་དང༌། སཱ་ར་མཐོ་སློབ། ནོར་གླིང་མཐོ་སློབ། དེ་མིན་གཙོ་བོ་ཡུལ་གྱར་སྤྱི་ཚོགས་སུ་སྲིད་འབྱོར་རིག་གསུམ་དང་འབྲེལ་བའི་ལས་རིགས་སྣ་ཚོགས་སུ་ཡོད་པའི་རང་རིགས་ལ་དུངས་ཞེན་ཅན་གྱི་ཕ་སྐད་ཀྱི་རྩོམ་པ་མོ་རྣམས་ལ་ཞུ་འདོད་པའི་སེམས་ཀྱི་སྐད་ཆ་ཚིག་གསུམ་ཡོད་དེ། རང་ཉིད་རང་གི་མགོན་ཡིན་ཞེས་པ་ལྟར། ཐོག་མར་བུད་མེད་རྣམས་ཀྱིས་གང་ཅིའི་ཐད་ནས་ཆ་ཤས་ལེན་རྒྱུ་ནི་མོ་མགོ་ཐོན་ཐབས་ཀྱི་རྩ་བའི་འགན་སྲུང་རེད། དེར་བརྟེན་རང་དང་འབྲེལ་བའི་བྱ་བ་འཐུས་ཚང་རེ་སྒྲུབ་པའི་རྨང་གཞིའི་ཐོག་ལེགས་བྱང་ལ་འབད་བརྩོན་ཡོང་བའི་སྒོ་ནས་ཕོ་མོ་འདྲ་མཉམ་བརྩོན་ལེན་བྱ་བ་ནི་ང་རང་སྒེར་ངོས་ནས་རང་རིགས་ཡུལ་གྱར་བོད་མོ་ཡོངས་ལ་བཅངས་པའི་བཅོས་མིན་གྱི་སེམས་འདུན་གཙོ་བོ་དེ་ཡིན།





མ་ཡུམ་ཚོ་དང་འབྲེལ་བའི་སྐད་ཆ་ཟུར་གསུམ་མ།
                                            ཀླུ་མོ་མཚོ། ནོར་གླིང་མཐོ་སློབ།
          གཅིག རང་ཉིད་ཀྱི་སྟོང་ཆ་ཁ་སྐོང་བྱེད་རྒྱུ།
འདས་སོང་གི་ལོ་རྒྱུས་དང་ད་ལྟའི་བུད་མེད་ཀྱི་གནས་བབ་སོགས་ལ་ཞིབ་དཔྱོད་ཅིག་བྱས་པ་ཡིན་ན། ང་ཚོ་ཐུན་མོང་ལ་ལྟ་ཚུལ་ཞིག་ཡོད་པ་དེ་བུད་མེད་རང་ཉིད་ཀྱིས་མ་འཇོན་པ་དང་རང་སྟེང་གི་སྟོང་ཆ་དག་ཁ་སྐོང་བྱེད་མ་ཐུབ་པས། སྤྱི་ཚོགས་སྟེང་བུད་མེད་དམན་པར་འཛིན་པའི་འདུ་ཤེས་ཤིག་ཆགས་ཡོད་པར་བཤད།
སྤྱིར་མི་རིགས་ཤིག་དང་རྒྱལ་ཁབ་གང་ཞིག་ཡིན་ཡང་ཕན་ཚུན་བྲན་གཡོག་དབང་སྒྱུར་ཞིག་གི་དྲ་ལ་མ་ཚུད་པ་ཞིག་དང་བྲན་གཡོག་ལམ་ལུགས་ཀྱི་ཤུགས་རྐྱེན་མ་ཐེབས་པ་ཞིག་མེད་པར་སེམས། ཡིན་ཡང་དུས་རབས་འདིའི་ནང་མང་པོ་ཞིག་རང་དབང༌། འདྲ་མཉམ། སྤྱི་ཚོགས་ལམ་ལུགས་ཀྱི་འཚོ་བ་ཞིག་གི་ཁོར་ཡུག་དེར་ཞུགས་ཟིན་པ་དང༌། ལྷག་པར་མི་བུའི་སྤྱི་ཚོགས་ནང་གི་མཆོག་དམན་གྱི་ལྟ་བ་དེ་ལས་རིང་དུ་གྱེས་ཟིན།
དེ་བས་ཡར་ཐོན་དང་སྔོན་ཐོན་གྱི་མི་རིགས་དེ་ཚོའི་གྲལ་ན་བུད་མེད་ཀྱི་བསམ་བློའི་ཁ་ཕྱོགས། ཤེས་ཡོན་ཚད་གཞི། ཕུགས་བསམ་སོགས་ཕྱོགས་གང་ལ་ལྟས་ཀྱང་སྒྲུབ་ཕོད་པ། བཤད་ཕོད་པའི་མི་སྣ་དམིགས་བསལ་བ་མང་པོ་ཡོད་པ་མ་ཟད། རང་སྟེང་ནས་འཕག་འཚག་དང་རྨོངས་བ་གྲོལ་བའི་བུད་མེད་ཆེད་ལས་པ་སོགས་ཧ་ཅང་མང་པོ་ཡོད་པ་མངོན་སུམ་རེད།
ཕྱི་ཕྱོགས་ཀྱི་བུད་མེད་ཚོར་རང་ཉིད་ཀྱི་ཕུགས་བསམ་ཡོད་པ་དང་རང་ཉིད་ཀྱི་ལྟ་ཚུལ་དང་བསམ་བློ་བཅས་ལ་རང་ཉིད་ཀྱིས་ཁ་ལོ་བསྒྱུར་པའི་བསམ་བློ་དང་རྣམ་དཔྱོད་ཀྱི་ནུས་སྟོབས་ཡོད། རང་ཉིད་ཀྱི་བདག་དབང་ལ་སྲུང་བརྩི་བྱེད་པ། ཕུགས་བསམ་གྱི་ཆེད་དུ་སྤྲོ་སྣང་གིས་འཇུག་པའི་བསམ་བློ་ཞིག་འདུག དེ་བས་ཁོ་མོ་ཚོ་ལ་རང་སྒེར་གྱིས་ཐག་གཅོད་བྱེད་པའི་སྒེར་ཚུགས་ཀྱི་བསམ་སྤོབས་དང༌། རང་གི་འཚོ་བ་རང་ཉིད་ཀྱིས་འདེམས་ཀ་དང་འཚོལ་སྙེག་བྱེད་པའི་ཁྱད་འཕགས་ཀྱི་ཡོན་ཏན་ཞིག་ཡོད་པར་སེམས།
ང་ཚོས་ཕྱིར་རྟོགས་ཀྱིས་བོད་རང་གི་སྤྱི་ཚོགས་ཁྲོད་བུད་མེད་ལ་དུས་རབས་གསར་བ་ཞིག་གི་མིག་ཤེས་ཀྱིས་བལྟས་ཙ་ན། བོད་པའི་བུད་མེད་མང་པོ་ཞིག་ལུས་ཤུགས་ངལ་རྩོལ་ལ་ཁ་ཕྱོགས་ཤིང་ཞེན་ཆེ་བ་དང༌། རང་ཉིད་ལ་ཡིད་ཆེས་དམན་པ། རང་སྟེང་ནས་འཚོལ་སྙེག་བྱེད་མི་སྤྲོ་བ། མ་འོངས་ཕུགས་བསམ་མི་གསལ་བ། རང་སྟེང་གི་སྟོང་ཆ་མངོན་འགྱུར་བྱེད་པའི་སྤོབས་སེམས་མེད་པ་དང༌། ཐ་ན་རང་ཉིད་ཀྱི་རིན་ཐང་དང་ཐོབ་ཐང་ལ་ངེས་ཤེས་དང་གདེང་འཇོག་ཅི་ཡང་མི་བྱེད། དེར་བརྟེན། ང་ཚོས་ཐོག་མར་རང་ཉིད་ཀྱི་སྟོང་ཆ་ལ་ངོས་འཛིན་ཐོབ་པ་ཁོ་ན་མ་ཡིན་པར་གཙོ་བོ་སྟོང་ཆ་ལ་ཁ་སྐོང་དང་ཤེས་རྟོགས་སྤེལ་བ། མི་རབས་འདི་དང་དུས་རབས་འདིའི་བུད་མེད་ཤེས་འཇོན་ཅན་ཞིག་བསྐྱེད་བསྲིང་བྱེད་རྒྱུ་དེ་ཡིན་པར་འདོད།
སྤྱི་ཚོགས་ཁྲོད་ཀྱི་ཕོ་མཆོག་མོ་དམན་གྱི་ལྟ་བ་དང་འདུ་ཤེས་དག་ང་ཚོ་རང་ཉིད་ནས་མགོ་བརྩམ་སྟེ་གཏོར་བཅོམ་བྱེད་དགོས་པ་མ་གཏོགས། རང་ཉིད་ལ་ཤེས་འཇོན་དང་བསམ་བློ། སྤོབས་པ་དང་ཕུགས་བསམ་མེད་ན་ནམ་ཡང་གཞན་གྱི་སྟངས་འཛིན་དང་ངོ་གདོང་ལ་བརྟེན་ནས་འཚོ་བ་ལས་འདེམས་ཀ་གཞན་མེད་པས། ང་ཚོ་རང་སྟེང་གི་སྟོང་ཆ་དེ་ང་ཚོ་རང་ངོས་ནས་ཁ་སྐོང་བྱེད་རྒྱུ་ནི་གནད་འགག་ཅིག་ཏུ་མཐོང༌།
གཉིས་པ། ཕོ་མཆོག་མོ་དམན་གྱི་འདུ་ཤེས་འདོར་རྒྱུ།
ང་ཚོ་སྤྱི་ཚོགས་ནང་འཚར་ལོངས་བྱུང་ཞིང་སླར་ཡང་སྤྱི་ཚོགས་ལ་འཐིམ་འགྲོ་བ་དང༌། ང་ཚོས་སྤྱི་ཚོགས་ལ་གདོང་ཐུག་ཀྱང་མང་པོ་ཞིག་རྒྱག་དགོས་པ་འདྲ། འདིར་ང་ཚོའི་སྤྱི་ཚོགས་ནང་ན་ཕོ་མཆོག་མོ་དམན་གྱི་བསམ་བློའི་བག་ཆགས་རྫོབ་པོ་ཞིག་ད་དུང་གནས་ཡོད་པ་དང༌། དེ་བས་བུད་མེད་ལ་དམའ་འབེབ་དང་ཟུར་ཟ། མཐོང་ཆུང་བྱེད་པའི་བསམ་པའི་འདུ་ཤེས་ཤིག་ཀྱང་འདུག གང་ལྟར། ངས་གླེང་འདོད་པ་དེ་ནི་དུས་རབས་འདི་དང་མི་རབས་འདིའི་རིང་ལ་ང་ཚོས་ཕོ་མཆོག་མོ་དམན་གྱི་བསམ་བློའི་འདུ་ཤེས་རྙིང་རུལ་དེ་རྨེག་མེད་དུ་བཟོས་ནས། འདྲ་མཉམ། ཆིག་སྒྲིལ། མདུན་བསྐྱོད་ཀྱི་ལམ་གསར་བ་ཞིག་གི་སྒོ་གླེགས་འབྱེད་རྒྱུ་ནི་གནད་འགག་ཅིག་རེད་ཟེར་བ་འདི་ཡིན། ང་ཚོ་ནི་དུས་རབས་འདི་དང་མི་རབས་འདིའི་བུད་མེད་རྣམས་ཀྱྀ་མགྲིན་ཚབ་པ་ཡིན་ན། ང་ཚོས་རང་སྟེང་ནས་འགན་འཁྲི་ཞིག་དང་ལེན་བྱས་ཏེ་ཁ་སང་གི་སྐྲ་རིང་མ་དང་བློ་ཐུང་མ། ཕོ་མཆོག་མོ་དམན་སོགས་ཀྱི་བསམ་བློ་དང་རྒྱང་དུ་གྱེས་ནས་ཕོ་མོ་འདྲ་མཉམ་གྱི་གར་སྟེགས་ཤིག་གི་སྒོ་ཆེན་མིག་མཐོང་ལག་ཟིན་ལ་མངོན་འགྱུར་བྱེད་རྒྱུ་དེ་རེད་འདུག  
ལྷག་པར་རང་ཉིད་སྒེར་སྟེང་གི་ཕོ་མཆོག་མོ་དམན་གྱི་བསམ་པའི་འདུ་ཤེས་དེ་རྩ་མེད་བཟོས་ནས་འདྲ་མཉམ་གྱིས་དུས་རབས་གསར་བའི་འགྲོས་དང་བསྟུན་ཏེ་རྒྱང་རིང་གི་ཕུགས་བསམ་དེའི་ཆེད་དུ་འཇུག་རྒྱུ་གལ་ཆེན་མ་ཡིན་ནམ། དེ་ལས་ལྡོག་སྟེ་ང་ཚོས་ཡོད་ཚད་འདས་སོང་གི་ཡབ་མེས་དག་གི་ནག་ཉེས་སུ་བསམ་ནས་ལེ་གདའ་ཙམ་བྱས་ནས་མི་རབས་འདི་ཡང་རབ་རིབ་ངང་འཇིག་སོང་བ་ཡིན་ན། ང་ཚོ་ནི་མི་རབས་ཕྱི་མའི་མིག་ནང་གི་ཉེས་ཅན་དུ་གྱུར་པ་མ་ཡིན་ནམ། དེ་ལས་ང་ཚོས་ཅི་ཞིག་སྒྲུབ་ཐུབ་པ་དེ་ལ་བསམ་གཞིག་བྱས་ནས་འཚོལ་བསྙེག་བྱེད་རྒྱུ་ནི་གནད་དོན་ཞིག་རེད།
དུས་དེ་རིང་ནི་ཐོབ་ཐང་རྩོད་ལེན་བྱེད་རྒྱུ་དང་གླེང་སློང་བྱས་ནས་རྫོགས་ཚིག་དགོད་རྒྱུ་ཞིག་མ་ཡིན་པར། ཐོབ་ཐང་གི་སྒང་ནས་འགུལ་བསྐྱོད་བྱེད་རྒྱུ་དང་གོ་སྐབས་དམ་འཛིན་གྱིས་མདུན་བསྐྱོད་བྱེད་རྒྱུ་དེ་རེད་སེམས། བོད་ཕྱི་ནང་གཉིས་ལ་བལྟས་པ་ཡིན་ན། སྔོན་ཆད་ལས་ལྡབ་འགྱུར་གྱིས་བུད་མེད་ཀྱི་བསམ་བློ་དང་ཤེས་ཚད། མཐོང་རྒྱ་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་དང་སྔོན་ཐོན་རང་བཞིན་གྱི་རྣམ་པ་ཞིག་མངོན་འདུག
དེར་ང་ཚོས་གོ་སྐབས་འདི་དམ་འཛིན་བྱས་ཏེ་སྤྱི་ཚོགས་ཁྲོད་བུད་མེད་ལ་མཐོང་ཆུང་བྱེད་པའི་གོམས་གཤིས་དེ་རྩ་མེད་བཟོས་ནས། རང་ནུས་གང་ཡོད་ཀྱིས་གངས་ལྗོངས་མ་ཡུམ་ཚོར་ལམ་ཁ་གསར་བ་ཞིག་དང༌། འཚོ་བ་གསར་བ་ཞིག  བསམ་བློ་གསར་བ་ཞིག་མངོན་འགྱུར་བྱེད་རྒྱུ་དེ་རེད།
རང་གིས་རང་ལ་ཡིད་ཆེས་དང་ཕུགས་བསམ་བཅངས་ནས་རང་ཉིད་ཀྱི་ནུས་པ་མངོན་འགྱུར་དང་འབུར་ཐོན་བྱེད་ཐུབ་ཚེ། ཐོབ་ཐང་ཟེར་བ་ནི་འཇོན་ཐང་ལ་རེག་ལས་ཆེ་བས་རྩོད་ལེན་བྱེད་དགོས་པ་ཞིག་མ་རེད་བསམ། ང་ཚོས་མཐུན་སྒྲིལ་དང་རྩོད་ལེན་གྱིས་དུས་རབས་གསར་བའི་གར་སྟེགས་འདི་སྤོབས་སེམས་དང་ལ་རྒྱ། ཤེས་རིག་གིས་བསྐྲུན་རྒྱུ་ནི་གཟི་བརྗིད་ཅིག་ཏུ་བདག་གིས་མཐོང་ངོ༌།།

གསུམ་པ། སང་ཉིན་གྱི་མ་ཡུམ་ཚོ་གླེང་སློང་ཙམ་བྱས་པ།
     ང་ཚོ་ཀུན་ལ་རེ་བ་ཞིག་དང་ཕུགས་བསམ་ཞིག་ཡོད་པ་དང༌། དེ་ཡང་མི་བུ་སྒེར་སྟེང་གི་ཕུགས་བསམ་དང་སྤྱི་ཚོགས་ཀྱི་ཕུགས་བསམ། མི་རིགས་རིང་ལུགས་དང་འགྲོ་བ་མི་ཐུན་མོང་གི་ཕུགས་བསམ་ཞིག་ཡིན།
ད་ལྟའི་དུས་ལ་ང་ཚོའི་ཅོང་བརྡ་ཞིག་སྒྲོག་བཞིན་པ་བདེན་ལ། ཅོང་བརྡ་དེ་ཡང་ཡར་སྐུལ་དང་རྨོངས་གྲོལ་གྱི་ཤེས་རིག་བསུ་བའི་ཅོང་བརྡ་ཞིག་རེད་བསམ། ཅོང་བརྡ་དེའི་སྐུལ་སློང་འོག་ནས་ང་ཚོས་ཕུགས་བསམ་ཞིག་བསྐྲུན་ཡོད་པ་དང་རེ་འདུན་ཞིག་བཅངས་ཡོད། དེར་བརྟེན། ང་ཚོས་རང་ཉིད་ཀྱི་ཕུགས་བསམ་དེ་འགྲུབ་པ་ལ་ད་ལྟའི་སྤྱི་ཚོགས་ཁྲོད་ཀྱི་སྟོང་ཆ་དང་མ་འདང་བའི་སྐྱོན་གསལ་རྟོགས་ཐུབ་རྒྱུ་གལ་ཆེ་བར་སེམས། ང་ཚོའི་སྤྱི་ཚོགས་ཁྲོད་བུད་མེད་ཤེས་ཡོན་པ་དང་བསམ་བློ་བ། སྨྱུག་འཛིན་པའི་གྲངས་ཚད་ཉུང་བ་དང༌། ལྷག་པར་དུ་ཆེད་ལས་པའི་གྲངས་ཚད་ཤིན་ཏུ་ཉུང་བ་མངོན་གསལ་རེད།
ཕྱིའི་མི་རིགས་དང་རྒྱལ་ཁབ་དག་གི་བུད་མེད་ཤེས་འཇོན་ཅན། ཆབ་སྲིད་པ། ཆེད་ལས་པ་ཤིན་ཏུ་མང་བ་དང་བུད་མེད་ཀྱི་གོ་རྟོགས་ནུས་པ་ཚད་ངེས་ཅན་ཞིག་ལ་སླེབས་འདུག  དེའི་ཕྱིར། ང་ཚོས་རང་ལ་གང་ཡོད་དང་གང་འཇོན་པའི་ནུས་སྟོབས་དེ་འཁྱེར་ནས་མ་འོངས་སྤྱི་ཚོགས་ཁྲོད་བུད་མེད་ཤེས་ཡོན་ཅན་དང༌། བསམ་བློ་བ། ཆེད་ལས་པ་སོགས་ཀྱི་གྲངས་ཚད་མང་དུ་བཏང་ནས། བོད་སྤྱི་ཚོགས་ཁྲོད་ནས་བུད་མེད་ཀྱི་ནུས་ཤུགས་རྒྱ་ཆེ་རུ་དང་ཀུན་གྱིས་གདེང་འཇོག་ཅན་གྱི་མ་ཡུམ་རྣལ་མ་ཞིག་བྱེད་ཐུབ་རྒྱུ་དེ་རེད།
སྤྱི་ཚོགས་འཕེལ་རྒྱས་ནས་འཕེལ་རྒྱས་དང་འགྱུར་ལྡོག་གི་རང་བཞིན་ཧ་ཅང་མྱུར་རྐྱེན། ང་ཚོས་ངེས་པར་དུ་རྩོད་ལེན་བྱེད་རྒྱུ་དང༌། མ་འོངས་ཕུགས་བསམ་དེ་ངོས་མཐོང་ལག་ཟིན་གྱིས་མངོན་འགྱུར་དང༌། གངས་ལྗོངས་བུད་མེད་ཚོ་རྒྱལ་སྤྱིའི་བུད་མེད་དང་གོམ་པ་མཉམ་སྤོ་དང་རྒྱལ་སྤྱིའི་སྒང་ནས་བཤད་ཕོད་པ། སྒྲུབ་ཕོད་པ། ཤེས་འཇོན་ལྡན་པའི་མི་རིགས་རང་བཞིན་གྱི་བསམ་བློའི་སྒྲོམ་གཞི་སྤེལ་ཐུབ་ཚེ། གངས་ལྗོངས་མ་ཡུམ་ཚོའི་ཆེས་ཁྱད་འཕགས་རང་བཞིན་གྱི་ལ་རྒྱ་དང་གཟི་བརྗིད་ངོ་མཚར་བ་ཞིག་རེད་ཨང༌།
ཕྱི་ལོ་༢༠༡༠ ཟླ་༡༡ ཚེས་༢༩ ལ་ནོར་གླིང་མཐོ་སློབ་ནས་བྲིས།

མ་ཡུམ་དྲ་ཚིགས་ཀྱི་འཁྲུངས་སྐར་ལ་ཕུལ་བ། ཀླུ་སྨྱོན་ཧེ་རུ་ཀ

རང་བྱུང་ཁམས་ཆེན་པོ་ལྟ་བུའི་མ་ཡུམ་ཚོའི། ནམ་མཁའ་ལྟ་བུའི་བྱམས་བརྩེ་དང་། ས་གཞི་ལྟ་བུའི་ཕྱག་ཟུང་། རྒྱ་མཚོ་ལྟ་བུའི་སྤྱན་ཆབ་ཀྱིས་ཆེ་རུ་གསོས་པའི་ང་ཚོས། རང་གི་མ་ཡུམ་དག་ལ་དྲིན་ལན་ཅི་ཞིག་འཇལ་ཡོད། རང་གི་མ་ཡུམ་དག་གི་དྲིན་ལན་ཇི་ལྟར་འཇལ་རྩིས་ཡོད། ཀྱེ། བདག་གི་སྙིང་ཉེ་བའི་གྲོགས་པོ་དག

མ་ཡུམ་དྲ་བའི་དབུ་འབྱེད་ལ་བཅོས་མིན་སྙིང་ནས་རྟེན་འབྲེལ་ཞུ། ལྷ་ཆབ་སྦྱིན་པས།

རང་རེའི་བཙན་བྱོལ་སྤྱི་ཚོགས་འདི་འཁྲུག་ཆ་དོད་དུ་ཕྱིན་པ་དང་མཉམ་དུ་གཞུང་སྒེར་སྣ་ཚོགས་ཀྱི་རྩོམ་རིག་གི་དྲ་བ་སོགས་ཀྱང་དེ་བཞིན་དུ་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་འོང་གི་འདུག འདས་པའི་ལོ་གཅིག་གི་ནང་ཚུན་ལ་ཡང་རྣམ་པ་མི་འདྲ་བའི་དྲ་བ་ཁག་དུ་མ་ཞིག་བྱུང་བའི་ཁྲོད་ཐད་ཀར་སྤྱི་ཚོགས་ལ་ཤུགས་རྐྱེན་ཡོད་པ་ཞིག་ཅི་བས་དཀོན་ནའང་། དེ་རིང་རྒྱལ་སྤྱིའི་སྐད་ཡིག་གི་ཉིན་མོར་སྟབས་བསྟུན་ནས་༼མ་ཡུམ༽ཞེས་པའི་དྲ་བ་འདི་བོད་རིགས་བུད་མེད་རྣམས་ལ་ཆེད་དུ་དམིགས་ནས་དབུ་འབྱེད་བྱས་པར་བཅོས་མིན་སྙིང་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ཏུ། མ་འོངས་པར་འདི་དང་འདི་བརྒྱུད་ནས་བོད་རིགས་བུད་མེད་རྣམས་ཀྱིས་འདས་པའི་མེས་པོའི་སྲོལ་རྒྱུན་ལས་རང་གི་རིགས་ལ་དམའ་འབེབ་དང་མཐོང་ཆུང་ཅི་བྱས་ཀྱི་ཉམས་མྱོང་ལ་བརྟེན་ནས། གསར་གཏོད་དང་སྒྱུ་རྩལ། དམིགས་འབེན་ཡོད་པ་ཞིག་གི་ལམ་ཁ་སྙེག་ཐུབ་པའི་བཀྲ་ཤིས་བདེ་ལེགས་ཞུ།

མ༵་ཡུམ༵་དྲ་རྒྱ་ལ་ཕུལ་བའི་ཤིས་ཚིག་དང་འབོད་སྐུལ། དགེ་བཤེས་བེ་རི་འཇིགས་མེད།

མ༵་ཡུམ༵་གངས་ཅན་གྱི་ཞིང་ཁམས།། མ༵་རབས་རྒྱ་དམར་གྱིས་འཕྲོགས་ཀྱང་།། མ༵་འཁྱོགས་དྲང་ཐིག་གི་རི་མོ།། མ༵་ཆད་དྲ་ཐོག་ནས་གསལ་འོང་།། མ༵་ལོའི་འོ་མ༵་ཡིས་གསོས་པའི།། མ༵་སྤུན་བོད་རིགས་ཀྱི་མི་དམངས།། མ༵་བཅོས་སེམས་ཁམས་ཀྱི་རི་མོ།། མ༵་སྦས་དྲ་ཐོག་ལ་ཁོད་དང་།།

རྒན་བསོད་ནམས་རྒྱལ་མཚན་གྱིས་མ་ཡུམ་དྲ་ཚིགས་ལ་གནང་བའི་ཤིས་ཚིག

རྟེན་འབྲེལ་ཞུ། སེམས་ཁུང་གི་ཀུན་རྟོགས་ཀྱི་འདབ་མ་རེ་རེ། མཁའ་དབྱིངས་སུ་རྩེན་པའི་ཆུ་འཛིན་གཞོན་ནུ་དང་བསྡེབས་ནས། མཐའ་ཡས་པའི་བློ་གསར་པ་མང་པོ་ཞིག་གི་འདབ་མ་གྲོལ་བའི་སྨོན་འདུན་ཞུ།

ཨ་འཇམ་གྱིས་མ་ཡུམ་དྲ་བར་གནང་བའི་ཤིས་ཚིག

མ་ཡུམ་ནི་མིའི་རིགས་ཀྱི་གཙང་བོའི་འགོ་ཁུངས་ཤིག མ་ཡུམ་ནི་བྱམས་བརྩེའི་རྨང་གཞི་འདིང་མཁན་གྱི་ཞི་བདེའི་ནམ་མཁའ་ཞིག མ་ཡུམ་ནི་འཚོ་བའི་བར་སྣང་ཕྱེ་བའི་སྐྱ་རེངས་ཀྱི་སྒོ་གླགས་ཤིག འདི་ལྟར་མ་ཡུམ་ནི་འཚོ་གནས་ཀྱི་ཁོར་ཡུག་ནས་མེད་དུ་མི་རུང་བའི་མ་ཡུམ་ཞིག་སྟེ། འདི་ལྟར་མ་ཡུམ་གྱི་དྲ་རྒྱ་དབུ་བརྙེས་པ་ཡང་སྤྲོ་སེམས་ཁོལ་བའི་ངང་རྟེན་འབྲེལ་ཞུ། ༢༠༡༡ ༢ ༢༣ ལ་གོང་ས་ཏཱ་ལའི་བླ་མ་མཐོ་སློབ་ནས་ཨ་འཇམ་གྱིས།

མ་ཡུམ་དྲ་ཚིགས་ཀྱི་སྐྱེས་སྐར་ལ་ཕུལ་བའི་ཤིས་ཚིག གཟུངས་ཕྱུག་སྐྱིད།

རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་དག་སྣང་གིས་བཞེངས་ནས།། ཡུམ་ཆེན་བྲག་གི་སྲིན་མོའི་རྣམ་ཐར་ནས་བརྩམས་ཏེ།། མ་གཅིག་ལབ་ཀྱི་སྒྲོན་མའི་མཛད་རིམ་ལ་གཞིགས་ཚེ།། སྐྱེད་ཡུམ་ལྷ་མོའི་ཚོགས་ཀྱི་རྟོགས་བརྗོད་དེ་མཚར་ཨང་།། འབྲོ་བཟའ་ཁྲི་མ་ལོད་ཀྱི་དཔའ་མཛངས་དེ་བཙལ་ནས།། བཙན་མོ་སད་མ་ཀར་གྱི་བློ་བཀོད་ལ་བསྔགས་བཞིན།། ཚེ་སྤོང་མེ་ཏོག་བཟའ་ཡི་མཁྲེགས་འཛིན་ལ་བསམ་ན།། ན་རིམ་བཙུན་མོའི་ཚོགས་ཀྱི་ལོ་རྒྱུས་དེ་བརྗིད་ཨང་།། མྱང་ཚ་དཀར་རྒྱན་ཁྲོས་པའི་བློ་སྤོབས་ལ་དཔྱད་ཀྱིན།། ཨ་ཅེ་སྣང་ས་སྐྱོ་བའི་ངེས་འབྱུང་ལ་བརྟག་ནས།། གླིང་བཟའ་སེང་ལྕམ་འབྲུག་མོའི་སྐྱེས་འབྲས་ལ་བལྟས་ན།། གངས་ཅན་མ་ཡུམ་དག་གི་བཞུད་ལམ་འདི་རྨད་ཨང་།། བྱམས་བརྩེའི་དྲིན་གྱིས་བསྐྱངས་པའི་མ་རྒན་ནས་བརྩིས་ཏེ།། དགའ་བའི་འཛུམ་གྱིས་བསུ་མཁས་སྨན་ཤར་གྱི་གྲོགས་མོ།། འཇིག་རྟེན་བདེ་ལྡན་ཞིང་གི་ཁྱིམ་གཞིས་ལ་དཔག་ཚེ།། བདེ་སྦྱིན་མ་ཡུམ་ཚོགས་ཀྱི་དུངས་པ་དེ་འཕགས་ཨང་།། ད་ཡང་འཇིག་རྟེན་མི་ཡི་གྲལ་འགོ་ནས་ལངས་ཏེ།། ཤར་ནུབ་འཛམ་གླིང་ཟླུམ་པོའི་དཀྱིལ་དབུས་སུ་ཕེབས་ནས།། ༼མ་ཡུམ་དྲ་ཚིགས༽སྒེག་མོ་ལྷུག་ལྷུག་ཏུ་དགད་ཚེ།། ཕྱོགས་ཀྱི་མགྲོན་པོའི་ངག་གི་རམ་འདེགས་འདི་མཛེས་ཨང་།། ཞེས་པ་འདི་གསར་དུ་སྒོ་འབྱེད་གནང་བའི་མ་ཡུམ་དྲ་ཚིགས་ཀྱི་སྐྱེས་སྐར་ལ་བཀྲ་ཤིས་ཁ་བཏགས་ཤིག་གི་ཚུལ་དུ་གཟུངས་ཕྱུག་སྐྱིད་ཀྱིས་སྤྱི་ལོ་༢༠༡༡ལོའི་ཟླ་༢པའི་ཚེས་༢༡ཉིན་རྡ་རམ་ས་ལར་བྲིས།

མ་ཡུམ་དྲ་ཚིགས་ལ་ཕུལ་བའི་ཤིས་ཚིག་བཀྲ་ཤིས་འཁོར་ལོ་མ། ཐོར་རྒོད་པ་སྤྱན་ཆབ།

  ཁྱོད་ཀྱིས་གསུངས་པའི་རྨི་ལམ་དྭངས་མོ་གཅིག། ང་ལ་ཡོད་པའི་དམིགས་ཀྱི་རི་མོ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་ཚིག་གི་ལྷ་ཡིས་ངེད་གཉིས་སྲུངས།།  ཁྱོད་ཀྱིས་བསྙལ་བའི་ལོ་ཆང་བསིལ་མ་གཅིག། ང་ཡིས་འདོད་པའི་བཟི་ཁ་བཙན་པོ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་བདུད་རྩི་མཆོད་པའི་ངེད་གཉིས་བསྟོད།།  ཁྱོད་ཀྱིས་བོར་པའི་ཞེ་མདང་མདུད་པ་གཅིག། ང་ལ་མངའ་བའི་མགུལ་ལེ་དྲོན་མོ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་རྫས་ཀྱི་ཐག་པས་ངེད་གཉིས་ཆོངས།།  ཕྱི་ན་བཀྲ་ཤིས་འཛུམ་ཀྱི་མངར་ཁ་གཅིག། ནང་ན་བཀྲ་ཤིས་ཕན་པའི་དྲོད་ཁོལ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བོད་ཀྱི་མ་ཡུམ་དྲ་ཚིགས་ཁྲི་ལོར་ཤོག

ཐུགས་རྗེ་ཆེ་ཞུ།

ཁེ་ན་ཌ་གནས་བཞུགས་དྲ་རྒྱ་སྒྲིག་སྦྱོར་ཆེད་མཁས་པ་བསོད་ནམས་འོད་ཟེར་ལགས་ཀྱིས་ལྷག་བསམ་རྣམ་དག་གིས་ང་ཚོར་དྲ་བའི་མཐུན་རྐྱེན་དང་། དྲ་ཚིགས་སྒྲིག་སྦྱོར་ཐོག་ལམ་སྟོན་རོགས་རམ་གནང་བ་བཅས་ལ་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ། མ་ཡུམ་རྩོམ་སྒྲིག་པས།