བོད་ཡིག་དྲ་འབྲེལ།
མ་ཡུམ་རྩོམ་སྒྲིག་པ།
སློབ་སྟོན་པ། རྒྱལ་རོང་ཐུབ་བསྟན་ཆོས་སྒྲོན།
སྤྱི་ཁྱབ་རྩོམ་སྒྲིག་པ། མེ་འོད།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་འཚོ། ཚེ་རིང་ཆོས་སྒྲོན།
རྩོམ་སྒྲིག་པ། འབྲོང་དར་རྒྱས། བྱ་སྨྱོན་པ།
འབྲེལ་མཐུད་པ། རྒྱལ་རོང་པདྨ།
སྤྱི་ཁྱབ་རྩོམ་སྒྲིག་པ། མེ་འོད།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་འཚོ། ཚེ་རིང་ཆོས་སྒྲོན།
རྩོམ་སྒྲིག་པ། འབྲོང་དར་རྒྱས། བྱ་སྨྱོན་པ།
འབྲེལ་མཐུད་པ། རྒྱལ་རོང་པདྨ།
དྲ་ངོས་ཀློག་གྲངས།
About Me
- མ་ཡུམ།
- མ་ཡུམ་ཞེས་པའི་དྲ་རྒྱ་འདི་ནི་བུད་མེད་རྐྱང་བའི་རྩོམ་པ་པོ་རྣམས་ཀྱི་ཆེད་དུ་ཡིན་པ་དང༌། གཙོ་བོ་བུད་མེད་རྣམས་ཀྱི་བསམ་བློ་བརྗེ་རེས་བྱེད་སའི་སྟེགས་བུ་ཞིག་དང༌། བུད་མེད་རྣམས་ཀྱི་འདས་པའི་བྱུང་བ་དང་ད་ལྟའི་གནས་བབ། མ་འོངས་པའི་ཕུགས་བསམ་བཅས་གསལ་སྟོན་བྱེད་སའི་རང་དབང་གི་སྟེགས་བུ་ཞིག་ཀྱང་ཡིན། དྲ་རྒྱ་འདི་བུད་མེད་རྒན་གཞོན་དང༌། བཙུན་མ། སློབ་ཕྲུག་ཡོངས་ལ་གཏན་དུ་དབང༌།
འབྲེལ་གཏུགས་ཁ་བྱང་།
mayum2010@gmail.com
Blog Archive
དམིགས་བསལ་ལེ་ཚན།
ཟིན་བྲིས་འདིའི་བདག་དབང་ཆ་ཚང་མ་ཡུམ་དྲ་རྒྱ་ལ་ཡོད།. Powered by Blogger.
རྩོམ་ཡིག་གསར་ཤོས་བཅུ།
- བུ་མོའི་སྙིང་རྗེ་པོའི་བསམ་སྦྱོར་གཏམ་གསུམ།
- ༤།༡༤་རྗེས་དྲན།
- སྦེལ་ཀོབ་ནས་རྙེད་པའི་སྙན་ངག
- ཕྲུ་གུ་བརྒྱད་མཉམ་གཅིག་ཏུ་སྐྱེས་པའི་ཨ་མ།
- འཛམ་གླིང་སྟེང་གི་ཆེས་ལོ་ན་མཐོ་བའི་བོད་ཡིག་གསར་སློབ་པ།
- བྱམས་བུད་མེད་རྩོམ་རིག་བྱ་དགའ།
- འདི་ནི་མ་ཡུམ་ཚོས་ནམ་རྒྱུན་མྱོང་བཞིན་པའི་བརྙས་བཅོས་ཤིག་རེད།
- མ་ཅིག་ལབ་སྒྲོན།
- བཟའ་ཚང་བར་ཕན་ཚུན་བསམ་ཤེས་བྱེད་ཀྱི་ཡོད།
- བུད་མེད།
༥/༨ ཨ་མའི་དུས་ཆེན་ལ།
བོད་ཀྱི་མ་ཡུམ་ཚོ་གཙོས་པའི་གནམ་འོག་གི་ཨ་མ་ཚང་མར་འཚམས་འདྲི་ཞུ་བ་དང་། ཨ་མ་ཚོའི་མཐའ་མེད་པའི་བྱམས་སེམས་དང་གཏིང་ཟབ་པའི་བརྩེ་བ་ཡིས་འགྲོ་བ་མིའི་རིགས་ཀྱི་རང་བྱུང་ཁམས་ལ་བདེ་སྐྱིད་རྫོགས་ལྡན་ཐོབ་པར་སྨོན་འདུན་ཞུ།
བུད་མེད་དང་སྤྱི་ཚོགས།
འོ་ཐིགས།
སྤྱི་ཚོགས་ཀྱིས་ཁྱེད་ལ་བུད་མེད་དང་སྐྱེས་དམན་ཞེས་ཐ་སྙད་དུ་བོས་ཀྱང༌།
བུད་མེད་ལགས། ཁྱེད་ནི་བུ་ཕྲུག་གི་ཨ་མ༌། སྐྱེས་པ་ཚོའི་སྙིང་ནོར།
འཁོར་བ་ཡི་བདག་མོ་དང་འཇིག་རྟེན་གྱི་མ་མ་ལགས་པས།
དོན་དངོས་སུ། ཁྱོད་ནི་གནམ་གྱི་ཕྱེད་ཀ་དང་འགྲོ་བ་མིའི་ཚེ་སྲོག་གི་འབྱུང་ཁུངས།
བདེ་སྐྱིད་ཀྱི་གཞི་མ། སྙིང་རྗེ་ཡི་མ་མ། བྱམས་བརྩེ་ཡི་དྲོད་ཁོལ་དེ་ཁོ་ན་ལགས།
བུད་མེད། ཁྱོད་ཀྱིས་གདོང་གི་འཛུམ་མདངས་མི་ཡུལ་ལ་བསྐྱུར་ནས། སེམས་ཀྱི་དུངས་པས་སྤྱི་ཚོགས་ལ་གཟིགས་དང༌། ང་ཚོའི་སྤྱི་ཚོགས་སུ་མཁོ་བ་ཁྱོད་ཡིན་ལ།
སྤྱི་ཚོགས་ཀྱི་འཚོལ་སྙེགས་ཀྱང་ཁྱོད་ཁོ་ན་ཡིན། ང་ཚོའི་སྤྱི་ཚོགས་ཀྱི་རེ་སྒུག་གི་འདུན་མ་ཁྱོད་ལ་བཅངས་ཤིང༌།
འབྱུང་འགྱུར་གྱི་བདེ་སྐྱིད་དེ་ཁྱོད་ཁོ་ན་ལ་བཅོལ་ཡོད།
བདེན་པར་མི་རློམས་ན་ཁྱོད་ཀྱིས་སོམས་དང༌།
བུ་ཕྲུག་གི་མགྲིན་པ་ནས་ཨ་མ་མ་ཎི་བཞིན་བགྲང་དོན་ཅི།
སྐྱེས་པ་ཚོས་སེམས་སུ་བུད་མེད་དཀོན་མཆོག་བཞིན་སྒོམ་དོན་ཅི།
ཤེས་ཡོན་པའི་ཁྲོད་ན་བུད་མེད་བླ་མ་བཞིན་བཀུར་དོན་ཅི།
ཆབ་སྲིད་པའི་ཁྲོད་ན་བུད་མེད་རྒྱ་སྟག་བཞིན་ངར་དོན་ཅི།
དགོད་བྲོ་བའི་གཏམ་རྒྱུད་འདི། ཁྱེད་ཀྱིས་སྣང་མེད་དུ་བཞག་པའི་ལོ་རྒྱུས་ཤིག་ཡིན་ངེས་ཀྱང༌།
འདི་ནི་དོན་དངོས་ཀྱི་བུད་མེད་དེ། སྤྱི་ཚོགས་ཀྱིས་ནམ་ཡང་རྒྱང་ཕུད་གཏོང་མི་ཕོད་པའི་ཁྱེད་ཀྱི་ལོ་རྒྱུས་དེ་རེད།
བུ་ཕྲུག་གིས་ཁྱོད་ཀྱི་པང་ཁ་དང་ཁྱོད་ཀྱི་ཕྱག་ཟུང་དྲོན་མོའི་བྱམས་བརྩེ་ལ་བརྟེན་ནས།
ད་གཟོད་རང་ཉིད་ཀྱི་འབྱུང་འགྱུར་ལ་རེ་བའི་མིག་ཟུང་ཁྱོད་ཀྱི་འཇིག་རྟེན་ནས་ཕྱེས་ཡོད།
སྐྱེས་པ་ཚོས་ཁྱོད་ཀྱི་རང་གཤིས་དང་ཁྱེད་ཀྱི་ངང་རྒྱུད་འཇམ་པོའི་ཀུན་སྤྱོད་ལ་བརྟེན་ནས།
ད་གཟོད་སང་ཉིན་གྱི་དྲོད་ཁོལ་ལྡན་པའི་ཁྱིམ་གཞིས་གསར་པ་དེ་ཁྱོད་ལ་བཅོལ་ཡོད།
ཤེས་ཡཽན་པའི་སྡེ་ཡིས་ཁྱོད་ཀྱི་གཞུང་དྲང་དང་ཁྱོད་ཀྱི་རྣམ་དཔྱོད་བཟང་པོའི་རལ་གྲི་ལ་བརྟེན་ནས།
ད་གཟོད་རྗེས་ལུས་དང་བག་འཁུམ་གྱི་རྣམ་སྨིན་ལས་ཐར་བའི།
མདུན་བསྐྱོད་ཀྱི་གོམ་ཁ་དང་པོ་ཁྱོད་ལས་སྤོ་བར་སྒུག་ཡོད།
ཆབ་སྲིད་པའི་སྡེ་ཡིས་ཁྱོད་ཀྱི་རྟག་བརྟན་དང་ཁྱོད་ཀྱི་སྙིང་སྟོབས་ལྡན་པའི་དཔའ་ངར་ལ་བརྟེན་ནས།
ད་གཟོད་ལྐོག་ཟ་དང་རུལ་སུངས་སུ་ཕྱིན་པའི་ལོ་རྒྱུས་ཀྱི་རྨ་ཁ་ལས་སྐྱོབ་པའི། དྲང་བདེན་གྱི་དཔང་པོ་དེ་ཁོ་ན་རློམས་ཡོད།
སྐབས་འདིར་བུད་མེད་ལགས།
ང་ཚོས་བསྒྲུབ་འོས་པ་དེ། ཐ་མག་དང་ཆང་རག་གི་བཟི་ཁ་ནས།
སྐྱེས་པ་ཚོ་དང་དཔུང་བ་མཉམ་གཤིབ་ཀྱིས་ཐོབ་ཐང་རྩོད་པ་དེ་མ་ཡིན་ལ།
འདྲ་མཉམ་དང་ཐོབ་ཐང་ཟེར་ནས། ཁྱིམ་ཚང་གི་བྱ་བ་ཆུང་ངུ་ཡི་ཆེད་དུ།
ནང་མི་དང་བུ་ཕྲུག་ལྟོ་སྟོང་ལ་བསྐྱུར་རྒྱུ་དེ་བས་ཀྱང་ག་ལ་ཡིན།
ང་ཚོ་ནི་བོད་པ་སྒང་བ་ཚང་གི་ཁྱིམ་རྒྱུད་ལ་སྐྱེས་ཤིང༌།
སྔོན་བྱུང་ཕ་མེས་དམ་པའི་རྒྱུད་འཛིན་པ་ཡིན་པས།
ཁྱིམ་ཚང་ཡ་རབས་ཀྱིས་སྐྱོངས་དང༌།
སྤྱི་ཚོགས་དྲང་བདེན་གྱིས་སྐྱོངས་དང༌།
འདི་ནི་བུད་མེད་ཀྱི་འཇོན་ཐང་དང་ཁྱད་དུ་འཕགས་པའི་རིན་ཐང་ཡིན་ཡ།
ཤེས་ཡོན་ཅན་ཡིན་ན་སྨྱུ་གུ་དང་ཤོག་བུ་འཛིན་དགོས་པས་མ་ཁྱབ་སྟེ།
དེང་རབས་ཅན་ཡིན་ན་གོས་ཐུང་ཕྲ་མོ་གྱོན་དགོས་པས་ག་ལ་ཁྱབ།
ཚན་རིག་རྒན་པོའི་དཀའ་སྡུག་གི་རྔུལ་ཆུ་ལས་གསར་བཏོད་ཀྱི་བློ་མིག་བཙལ་བ་དང༌།
མཁས་པའི་དབང་པོ་གླེགས་བམ་གྱི་མཛོད་ལས་དབུ་སྐྲ་དཀར་པོར་འགྱུར་དོན་ཡང༌།
མདོར་བསྡུས་ན་ཚ་སོབ་སོབ་ཀྱི་ཁྱིམ་ཚང་ཞིག་དང༌།
ཀུན་དང་མཐུན་པའི་སྤྱི་ཚོགས་གསར་པ་ཞིག་གི་འབྱུང་འགྱུར་དང་བདེ་སྐྱིད་ཀྱི་ཆེད་དུ་མ་ཡིན་ནམ།
ཁྲི་སྲས་འོད་དཀར། ཤེས་རབ་དགའ་ཚལ་སློབ་གླིང༌།
ཁུ་སིམ་སིམ་གྱི་མཚན་མོ་ཞིག་ལ།
གནས་འདི་རུ་ངུ་འབོད་བྱེད་ཅིང༌།
ངའི་ཕ་ལོ་མ་ལོ་ཚོ་སྐྲག་དངངས་ཀྱིས་རྒྱུག་འདུར་ལ་བྲེལ།
འདི་ལྟར། ཡ་ང་བའི་སྐྱོ་གར་ལ་གདུང་འབོད་བྱེད་ཆེད།
ད་ཅི་བྱ། འདི་ནི་ང་ཚོ་བརྒྱུད་དགོས་པའི་ལམ་ཁ་ཞིག་ཡིན་ནམ།
ཡང་ན། ང་ཚོའི་ཁ་རྒྱུན་ལྟར་ལས་རྒྱུ་འབྲས་ཡོད་ཟེར་བ་བཞིན།
ང་ཚོས་ཁོ་ཚོ་ལ་སྐྱེས་བ་སྔོན་མར་ཁྲག་ལན་ནམ་ཤ་འཁོན་ཆད་ཡོད་པ་ཨེ་རེད།
ངས་བསམ་ན། དེ་ནི་གཏན་ནས་མ་རེད།
དེ་ནི་གང་ཞིག་གི་ལོ་རྒྱུས་ནང་ཚིག་འབྲུ་རེ་རེ་གསལ་ཞིང༌།
ད་དུང༌། ཁོ་ཚོའི་ལག་ནས་བུ་ལོན་ཆད་མྱོང་མེད་པས་ཀྱང༌།
ང་ཚོའི་སྐྱེས་ཆེན་དམ་པ་གང་ཞིག་གིས།
ཁོ་ཚོའི་བུ་རབས་ཚ་རྒྱུད་རྣམས་སྐྱབས་ཤིང༌།
ཁོ་ཚོའི་མི་རིགས་འདི་ད་ལྟ་འཚོ་བཞིན་པའང་ང་ཚོའི་ཡབ་མེས་ཤིག་གི་སྐུ་དྲིན་མ་ཡིན་ནམ།
ད་ལྟ། ཅི་ལྟར་བཤད་ཀྱང༌།
ཁོ་ཚོ་ལ་རྩལ་དྲུག་གི་གཉོམ་ལག་རྒྱས་ཤིང༌།
ས་ཆེན་འདིའི་མཐོ་ས་ན་འགྱིངས།
ཁོ་ཚོ་ལ་སྙིང་རྗེ་ཡི་སེམས་རྒྱུད་མེད་ཅིང༌།
སྲོག་གཅོད་ཀྱི་རལ་གྲི་གང་སར་གཡུགས་ཏེ་དེ་རུ་གཏུབ།
ཁོ་ཚོ་ལ་དྲང་བདེན་གྱི་གནས་ལུགས་འཆད་ཀྱང༌།
རྒྱབ་འགལ་གྱི་ལུང་ཚིག་སྐམ་པོ་ལས་ཅི་ཡང་རེག་མ་བྱུང༌།
ཟླ་བ་མེད་པའི་མཚན་མོ་ཞིག་ལ།
གནས་འདི་རུ་ཁྲག་དམར་གྱི་རྒྱ་མཚོ་འཁྱིལ་ཞིང༌།
ངུ་ངག་གི་སྐྱོ་གདུང་ཟབ་མོས་མཁའ་དབྱིངས་ཁད་ཀྱིས་དཀྲོགས།
ངའི་ཕ་ལོ་མ་ལོ་ཚོ་ད་དུང་གོག་མ་བགྲོད།
ད་བྱ་ཐབས་ཅི།
ཡོད་ཚད་ཀྱི་ཡོད་ཚད་འདི་ལྟར་ཤོར་ཡང༌།
ཁོ་ཚོའི་སྙིང་དབུས་ན་རྒྱུ་བའི་ཟུངས་ཁྲག་དྲོན་མོ་དེ།
ད་དུང་དྲོད་ལམ་ལམ་གྱི་ངང་ནས།
ང་ཚོ་སྟེ། བུ་རབས་ཚ་རྒྱུད་ལ་བཞག་པའི་སེམས་ཤུགས་དྲོན་མོ་དེ་ཡིན།
དེར་བརྟེན། ང་ཚོས་འདི་ལྟར་རྒྱང་བཞུད་ཀྱི་ལམ་བུ་འདི་བསྙེགས་ཏེ།
སེམས་ཁོང་དུ་སྦས་པའི་བློ་རིག་གསར་འབྱེད་ཀྱི་ལྡེ་མྀག་ཅིག་བཙལ་དུ་ཡོང་རུང༌།
གནས་འདི་རུ་ཅི་ལྟར་བཙལ་ཡང་ཅི་ཡང་མ་རྙེད།
ཐ་ན་རང་ཉིད་ཀྱི་ཐོབ་སྐལ་ཙམ་ཡང་རྙེད་མ་བྱུང༌།
ད་ཅི་བྱ། རེ་འདུན་གྱི་ཕུགས་བསམ་ཇི་ལྟར་བཙལ་རུང༌།
ཡོད་ཚད། འདི་ལྟར་ཐོབ་ཤོར་གྱི་གནས་མལ་བརྒལ་གྱིན།
སྔར་བཞིན་ཕྲག་དོག་གི་ལམ་བུ་བརྒྱུད།
ང་དང་མ་ཡུམ།
ཨ་གཡུ་ཆུང༌། ཝར་ཎ།
མ་ཡུམ ལོ་རྒྱུས་ཀྱི་གདོང་རིས་ངོས་སུ
ཁ་ཆར་བུ་ཡུག་གི་བཙན་ཁ་རྣོན་པོ་དེ
རྨི་ལམ་དང་མངོན་སུམ་གྱི་བར་གླེགས་ནས
ང་ཚོས གོམ་སྟབས་རེ་རེ་དང་མིག་ཆུ་རེ་རེ
བརྩེ་སེམས་དང་ལྷག་བསམ་སྣུམ་པོས་སྐུང་པའི
ཞི་གཤིས་དེས་རིང་ནས་གཞལ་མྱོང
མ་ཡུམ སྤྱི་ཚོགས་ཀྱི་རང་གཤིས་བར་ནས
གོད་ཆག་དང་ཉེས་དམོད་འཁྱིལ་བའི་གཏམ་རྒྱུད་གང་མང་ཞིག
གནས་ཚུལ་དང་སྣང་ཚུལ་གྱི་གྲུ་ཟུར་རེ་རེ་ན
ང་ཚོས ཕྱིར་དྲན་དང་བསམ་གཞིགས་ཁྲོད་ནས
བརྒལ་མ་ཤེས་པའི་གཏམ་རྒྱུད་གང་མང་ཡོད་ལ
བརྒལ་མ་ཐུབ་པའི་གཏམ་རྒྱུད་ཀྱང་གང་མང་ཡོད
མ་ཡུམ དུས་རབས་ཀྱི་འཁོར་བསྐྱོད་འདི་ལས
ཤར་ནུབ་ཀྱི་རླུང་བུ་འཁྲིགས་མའི་ཟློས་གར་བསམ་ན
གནའ་སྲོལ་དང་དེང་རབས་ཀྱི་རིན་ཐང་ངོས་ནས
ང་ཚོས འཇལ་ཤིང་གི་རིག་པས་སྐྱ་ག་ཚད་འཐབ་ཀྱང
བདེན་དོན་དང་བྱམས་བརྩེའི་སྲོག་ཤིང་དེ
ཡུམ་ཆེན་ཚོའི་ལྷག་བསམ་དང་དྲོད་ཁོལ་ལ་ཁ་བྲལ་མ་མྱོང
ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༤ ཉིན་བྲིས།
བརྙན་རིས།
པདྨ་མཚོ་སྐྱིད།
༡
དེ་རིང ཁ་སང་གི་གཏམ་རྒྱུད་གླེང
བཙན་པོ་ཚོའི་མངའ་ཐང་བཤད
བློན་པོ་དག་གི་བྱས་རྗཻས་དང་གོད་ཆག
བཙུན་མོ་ལྔ་བརྒྱའི་ཕྲག་དོག་དང་འགྲན་སེམས
གླེང་བཞིན་གླེགས་བམ་དུ་བཀོད
འདི་ཚོ་དེ་རིང་གི་བགྲོ་གླེང་བྱེད་ས
ལོ་རྒྱུས་ཀྱི་ཁུངས་ལུང་གཏུགས་ས
མདོར་ན
དེ་རིང་གི་འུ་ཚོའི་ཕོ་ཚོད་རེད
༢
དེ་རིང ཡབ་མེས་ཀྱི་མཛད་རྗེས་གླེང
ཤུལ་བཞག་གི་རིན་ཐང་བཤད་བཞིན
བཤད་མཁན་དང་གླེང་མཁན་དེ་ཚོས
ཡ་ང་བའི་ཟློས་གར་འཁྲབ
ཟློས་གར་གྱི་སྟངས་སྟབས་རེ་རེར
རུལ་དྲི་ཐུལ་བས
དེ་རིང་གི་བརྙན་རིས་འདི་ཚོ
རུལ་དྲི་ཁ་བའི་ལེགས་སྐྱེས་ཤིག་གི་ཚུལ་གྱིས
སང་ཉིན་བསུ
༣
ཆག་གྲུམ་ཤོར་བཞིན་པའི་དབྱངས་གསལ་སོ་བཞི
འཚོ་བཅུད་ཉམས་བཞིན་པའི་སྦྲང་དཀར་རྩམ་པ
ཁ་དོག་འགྱུར་བཞིན་པའི་བོད་མིའི་ཕྱི་ཤུན
ད་དུང
ད་དུང་རུས་རྐང་ལ་ལྷད་ཞུགས་པའི་མིའུ་ལྡོང་དྲུག་གི
བུ་རབས་ཚ་རྒྱུད་འདི་ཚོ
སང་ཉིན་གྱི་གཏམ་རྒྱུད་རལ་པོ་ཞིག་གི་བརྙན་རིས་ཨེ་ཡིན
༢༠༡༠ ༦ ༡༠ ཉིན།
ངའི་ཡུལ་ཤུལ་ཕུ་ནུ་མིང་སྲིང་ཚོ།
སྨིན་སྣང་མཛེས། སཱ་ར།
ཤ་དང་ཁྲག་གི་འཁོར་རྒྱུན་གཅིག་པ།
སྐད་དང་ཡི་གེའི་འཕེལ་ཕྱོགས་གཅིག་ལ།
སེམས་དང་སེམས་པའི་རྨུ་ཐག་གཅིག་པ།
ངའི་ཡུལ་ཤུལ་ཕུ་ནུ་མིང་སྲིང་ཚོ།
ཅིའི་ཕྱིར་གྱང་རོ་དང་གད་སྙིགས་སུ་འཐིམས་དགོས་བྱུང་སོང༌།
ཀྱེ་མ་་་་་་སྙིང་རྗེའི་ལྷ་མཆོག ཐུགས་རྗེས་གཟིགས་རོགས།
ཨོཾ་མ་ཎི་པདྨེ་ཧཱའུྃ
མདོ་དབུས་ཁམས་གསུམ་ས་ཕྱོགས་གཅིག་ལ།
ཡིག་དྲུག་དབྱངས་རྟ་གྱེར་ཕྱོགས་གཅིག་པ།
སྦྲང་དཀར་རྩམ་པར་རོལ་ཕྱོགས་གཅིག་ལ།
ཆོས་དང་སྲིད་ཀྱི་གླེང་ཕྱོགས་གཅིག་པ།
ངའི་ཡུལ་ཤུལ་ཕུ་ནུ་མིང་སྲིང་ཚོ།
ཅིའི་ཕྱིར་མིག་ཆུ་དང་འོ་དོད་ཀྱི་ཁྲོད་དུ་འདུག་དགོས་བྱུང་སོང༌།
ཀྱེ་མ་་་་གངས་རིའི་མགོན་པོ། ཐུགས་རྗེས་གཟིགས་རོགས།
ཨོཾ་མ་ཎི་པདྨེ་ཧཱའུྃ
སྦྲ་ནག་གྲུ་བཞིའི་གནས་ཁྱིམ་གཅིག་ལ།
རྟ་ནོར་ལུག་གི་འཚོ་རྟེན་གཅིག་པ།
གངས་ཅན་བོད་པའི་མིང་བྱང་གཅིག་ལ།
གཞིས་བྱེས་ལས་ཀྱི་མྱོང་ཕྱོགས་གཅིག་པ།
ངའི་ཡུལ་ཤུལ་ཕུ་ནུ་མིང་སྲིང་ཚོ།
ཅིའི་ཕྱིར་མི་ཡུལ་གྱི་དམྱལ་བ་དངོས་སུ་མྱོང་དགོས་བྱུང་སོང༌།
ཀྱེ་མ་་་་་་་་་་ང་དང་གཏན་བྲལ་གྱི་ཡུལ་ཤུལ་ཕུ་ནུ་མིང་སྲིང༌།
ཤུལ་ལུས་ཀྱི་ཕུ་ནུ་མིང་སྲིང༌།
ང་ཚོའི་བར་ཐག་ལེ་དབར་སྟོང་ཕྲག་གིས་ཆོད་ཀྱང༌།
སེམས་དང་སེམས་པའི་རྒྱུན་ཐག་ནམ་ཡང་གཅིག་ཏུ་སྦྲེལ་ཡོད།
ལས་སྐལ་ནག་པོ།
ལྟོ་གོས།
གཡུ་ཞུན། ཨ་རི།
འགྲོ་བ་མི་ཡི་བག་ཆགས་ཀྱི་འདོད་མོས་ཐོག་མ
ཐོག་མའི་ལྟོ་གོས་ལ་གྲལ་རིམ་དང་རིགས་རུས་མེད
མེད་པའི་སེམས་ནི་དུང་ཟླ་དཀར་པོ་བཞིན་གསལ
གསལ་བའི་འདོད་པ་མང་བས་ཚད་ཐིག་བརྒལ
བརྒལ་ཚད་ཐོབ་པས་རེ་བསྙེག་ཅིག་ཏུ་གྲུབ
གྲུབ་པའི་མཐའ་མར་རྔམ་སྲེད་ཆེ་རུ་ཕྱིན
ཕྱིན་ཅི་ལོག་པའི་བྱ་དངོས་འཕེལ་རིམ་ཇི་ལྟར་རྒོལ
རྒོལ་བའི་དངོས་ལ་འཁྱམས་པོའི་སེམས་སྲུང་ཉིད
བུད་མེད།
མཛེས་སྡུག་ནི་བུད་མེད་ཁོ་ནར་དབང་བའི་ཁྱད་ནོར་ཞིག་ཡིན་ན
བྱམས་སེམས་ཀྱང་རླབས་ཆེན་གྱི་ཨ་མར་ཕུལ་བའི་གཟི་བྱིན་དུ་འབུས
སྙིང་རྗེའང་འཇིག་རྟེན་གྱི་ཨ་མ་ཚོའི་མིག་ཀོང་ན་འཕྱོ་བའི་དྲོད་ཁོལ་ཞིག
བྱམས་སྐྱོང་གི་ལག་ཟུང་བསྲིངས་ནས་སུ་ལ་སྨྲེ་ངག་གཏོར
མི་ཚེ་སྡུག་ཡས་དང་འཁང་རའི་ཁྲོད་འདའ་བ་ལས
རྒྱང་རིང་གི་གནམ་ས་ན་རྒྱུ་བའི་སྤྲིན་ཚོགས་ལ་གཟིགས་དང
འུ་ཅག་གི་བློ་གྲོས་དང་སེམས་དཀྱེལ་དེ་བཞིན་དུ
མི་ཚེ་གཉོར་སྐྱོང་དང་ཟས་གཡོའི་ཁྲོད་ཟད་པ་བདེན་དུ་ཆུག་ཀྱང
བུད་མེད་ཚོ་མེད་ན་འཇིག་རྟེན་ལ་དྲོད་ཁོལ་བྲལ་ཞིང་མི་ཚེར་ཁ་དོག་དབེན
ཡིད་དུ་འོང་བའི་བུད་མེད་ཚོ
བུ་ཕྲུག་ནི་སྐྱ་ཡའི་བྱས་ཉེས་ཀྱི་དན་རྟགས་མ་ཡིན་པར
བརྩེ་མགུའི་འོད་མདངས་ཁྲོད་སྨིན་པའི་འབྲས་བུ་ལཊ་ན
ལེ་ཁག་དང་སྡིགས་དམོད་ཡོད་ཚད་ཁྱོ་ག་ཁོ་ནར་ཁག་དཀྲི་ཅི
སྐྱེས་པའི་བཟོད་སྒོམ་ལ་ཚད་གཞི་མེད་ཀྱང་ལས་འབྲས་རྒྱ་མས་ཚད་འཇལ་ལོས་སྲིད
བུད་མེད་ནི་འཇིག་རྟེན་གྱི་སྐྱེད་ཡུམ་ལས་གཤེད་མ་ག་ལ་ཡིན
རང་གཅེས་དང་དམ་ཚིག་ལེགས་པོར་བསྲུང་བ་ལས
ཅོལ་ཆུང་གི་ཧམ་གཏམ་ཁོ་ནའི་རྒྱལ་མ་ཡིན
Subscribe to:
Posts (Atom)
མ་ཡུམ་དྲ་ཚིགས་ཀྱི་འཁྲུངས་སྐར་ལ་ཕུལ་བ། ཀླུ་སྨྱོན་ཧེ་རུ་ཀ
རང་བྱུང་ཁམས་ཆེན་པོ་ལྟ་བུའི་མ་ཡུམ་ཚོའི། ནམ་མཁའ་ལྟ་བུའི་བྱམས་བརྩེ་དང་། ས་གཞི་ལྟ་བུའི་ཕྱག་ཟུང་། རྒྱ་མཚོ་ལྟ་བུའི་སྤྱན་ཆབ་ཀྱིས་ཆེ་རུ་གསོས་པའི་ང་ཚོས། རང་གི་མ་ཡུམ་དག་ལ་དྲིན་ལན་ཅི་ཞིག་འཇལ་ཡོད། རང་གི་མ་ཡུམ་དག་གི་དྲིན་ལན་ཇི་ལྟར་འཇལ་རྩིས་ཡོད། ཀྱེ། བདག་གི་སྙིང་ཉེ་བའི་གྲོགས་པོ་དག
མ་ཡུམ་དྲ་བའི་དབུ་འབྱེད་ལ་བཅོས་མིན་སྙིང་ནས་རྟེན་འབྲེལ་ཞུ། ལྷ་ཆབ་སྦྱིན་པས།
རང་རེའི་བཙན་བྱོལ་སྤྱི་ཚོགས་འདི་འཁྲུག་ཆ་དོད་དུ་ཕྱིན་པ་དང་མཉམ་དུ་གཞུང་སྒེར་སྣ་ཚོགས་ཀྱི་རྩོམ་རིག་གི་དྲ་བ་སོགས་ཀྱང་དེ་བཞིན་དུ་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་འོང་གི་འདུག འདས་པའི་ལོ་གཅིག་གི་ནང་ཚུན་ལ་ཡང་རྣམ་པ་མི་འདྲ་བའི་དྲ་བ་ཁག་དུ་མ་ཞིག་བྱུང་བའི་ཁྲོད་ཐད་ཀར་སྤྱི་ཚོགས་ལ་ཤུགས་རྐྱེན་ཡོད་པ་ཞིག་ཅི་བས་དཀོན་ནའང་། དེ་རིང་རྒྱལ་སྤྱིའི་སྐད་ཡིག་གི་ཉིན་མོར་སྟབས་བསྟུན་ནས་༼མ་ཡུམ༽ཞེས་པའི་དྲ་བ་འདི་བོད་རིགས་བུད་མེད་རྣམས་ལ་ཆེད་དུ་དམིགས་ནས་དབུ་འབྱེད་བྱས་པར་བཅོས་མིན་སྙིང་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ཏུ། མ་འོངས་པར་འདི་དང་འདི་བརྒྱུད་ནས་བོད་རིགས་བུད་མེད་རྣམས་ཀྱིས་འདས་པའི་མེས་པོའི་སྲོལ་རྒྱུན་ལས་རང་གི་རིགས་ལ་དམའ་འབེབ་དང་མཐོང་ཆུང་ཅི་བྱས་ཀྱི་ཉམས་མྱོང་ལ་བརྟེན་ནས། གསར་གཏོད་དང་སྒྱུ་རྩལ། དམིགས་འབེན་ཡོད་པ་ཞིག་གི་ལམ་ཁ་སྙེག་ཐུབ་པའི་བཀྲ་ཤིས་བདེ་ལེགས་ཞུ།
མ༵་ཡུམ༵་དྲ་རྒྱ་ལ་ཕུལ་བའི་ཤིས་ཚིག་དང་འབོད་སྐུལ། དགེ་བཤེས་བེ་རི་འཇིགས་མེད།
མ༵་ཡུམ༵་གངས་ཅན་གྱི་ཞིང་ཁམས།། མ༵་རབས་རྒྱ་དམར་གྱིས་འཕྲོགས་ཀྱང་།།
མ༵་འཁྱོགས་དྲང་ཐིག་གི་རི་མོ།། མ༵་ཆད་དྲ་ཐོག་ནས་གསལ་འོང་།།
མ༵་ལོའི་འོ་མ༵་ཡིས་གསོས་པའི།། མ༵་སྤུན་བོད་རིགས་ཀྱི་མི་དམངས།།
མ༵་བཅོས་སེམས་ཁམས་ཀྱི་རི་མོ།། མ༵་སྦས་དྲ་ཐོག་ལ་ཁོད་དང་།།
རྒན་བསོད་ནམས་རྒྱལ་མཚན་གྱིས་མ་ཡུམ་དྲ་ཚིགས་ལ་གནང་བའི་ཤིས་ཚིག
རྟེན་འབྲེལ་ཞུ། སེམས་ཁུང་གི་ཀུན་རྟོགས་ཀྱི་འདབ་མ་རེ་རེ། མཁའ་དབྱིངས་སུ་རྩེན་པའི་ཆུ་འཛིན་གཞོན་ནུ་དང་བསྡེབས་ནས། མཐའ་ཡས་པའི་བློ་གསར་པ་མང་པོ་ཞིག་གི་འདབ་མ་གྲོལ་བའི་སྨོན་འདུན་ཞུ།
ཨ་འཇམ་གྱིས་མ་ཡུམ་དྲ་བར་གནང་བའི་ཤིས་ཚིག
མ་ཡུམ་ནི་མིའི་རིགས་ཀྱི་གཙང་བོའི་འགོ་ཁུངས་ཤིག
མ་ཡུམ་ནི་བྱམས་བརྩེའི་རྨང་གཞི་འདིང་མཁན་གྱི་ཞི་བདེའི་ནམ་མཁའ་ཞིག
མ་ཡུམ་ནི་འཚོ་བའི་བར་སྣང་ཕྱེ་བའི་སྐྱ་རེངས་ཀྱི་སྒོ་གླགས་ཤིག
འདི་ལྟར་མ་ཡུམ་ནི་འཚོ་གནས་ཀྱི་ཁོར་ཡུག་ནས་མེད་དུ་མི་རུང་བའི་མ་ཡུམ་ཞིག་སྟེ།
འདི་ལྟར་མ་ཡུམ་གྱི་དྲ་རྒྱ་དབུ་བརྙེས་པ་ཡང་སྤྲོ་སེམས་ཁོལ་བའི་ངང་རྟེན་འབྲེལ་ཞུ།
༢༠༡༡ ༢ ༢༣ ལ་གོང་ས་ཏཱ་ལའི་བླ་མ་མཐོ་སློབ་ནས་ཨ་འཇམ་གྱིས།
མ་ཡུམ་དྲ་ཚིགས་ཀྱི་སྐྱེས་སྐར་ལ་ཕུལ་བའི་ཤིས་ཚིག གཟུངས་ཕྱུག་སྐྱིད།
རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་དག་སྣང་གིས་བཞེངས་ནས།། ཡུམ་ཆེན་བྲག་གི་སྲིན་མོའི་རྣམ་ཐར་ནས་བརྩམས་ཏེ།། མ་གཅིག་ལབ་ཀྱི་སྒྲོན་མའི་མཛད་རིམ་ལ་གཞིགས་ཚེ།། སྐྱེད་ཡུམ་ལྷ་མོའི་ཚོགས་ཀྱི་རྟོགས་བརྗོད་དེ་མཚར་ཨང་།། འབྲོ་བཟའ་ཁྲི་མ་ལོད་ཀྱི་དཔའ་མཛངས་དེ་བཙལ་ནས།། བཙན་མོ་སད་མ་ཀར་གྱི་བློ་བཀོད་ལ་བསྔགས་བཞིན།། ཚེ་སྤོང་མེ་ཏོག་བཟའ་ཡི་མཁྲེགས་འཛིན་ལ་བསམ་ན།། ན་རིམ་བཙུན་མོའི་ཚོགས་ཀྱི་ལོ་རྒྱུས་དེ་བརྗིད་ཨང་།། མྱང་ཚ་དཀར་རྒྱན་ཁྲོས་པའི་བློ་སྤོབས་ལ་དཔྱད་ཀྱིན།། ཨ་ཅེ་སྣང་ས་སྐྱོ་བའི་ངེས་འབྱུང་ལ་བརྟག་ནས།། གླིང་བཟའ་སེང་ལྕམ་འབྲུག་མོའི་སྐྱེས་འབྲས་ལ་བལྟས་ན།། གངས་ཅན་མ་ཡུམ་དག་གི་བཞུད་ལམ་འདི་རྨད་ཨང་།། བྱམས་བརྩེའི་དྲིན་གྱིས་བསྐྱངས་པའི་མ་རྒན་ནས་བརྩིས་ཏེ།། དགའ་བའི་འཛུམ་གྱིས་བསུ་མཁས་སྨན་ཤར་གྱི་གྲོགས་མོ།།
འཇིག་རྟེན་བདེ་ལྡན་ཞིང་གི་ཁྱིམ་གཞིས་ལ་དཔག་ཚེ།། བདེ་སྦྱིན་མ་ཡུམ་ཚོགས་ཀྱི་དུངས་པ་དེ་འཕགས་ཨང་།། ད་ཡང་འཇིག་རྟེན་མི་ཡི་གྲལ་འགོ་ནས་ལངས་ཏེ།།
ཤར་ནུབ་འཛམ་གླིང་ཟླུམ་པོའི་དཀྱིལ་དབུས་སུ་ཕེབས་ནས།། ༼མ་ཡུམ་དྲ་ཚིགས༽སྒེག་མོ་ལྷུག་ལྷུག་ཏུ་དགད་ཚེ།། ཕྱོགས་ཀྱི་མགྲོན་པོའི་ངག་གི་རམ་འདེགས་འདི་མཛེས་ཨང་།།
ཞེས་པ་འདི་གསར་དུ་སྒོ་འབྱེད་གནང་བའི་མ་ཡུམ་དྲ་ཚིགས་ཀྱི་སྐྱེས་སྐར་ལ་བཀྲ་ཤིས་ཁ་བཏགས་ཤིག་གི་ཚུལ་དུ་གཟུངས་ཕྱུག་སྐྱིད་ཀྱིས་སྤྱི་ལོ་༢༠༡༡ལོའི་ཟླ་༢པའི་ཚེས་༢༡ཉིན་རྡ་རམ་ས་ལར་བྲིས།
མ་ཡུམ་དྲ་ཚིགས་ལ་ཕུལ་བའི་ཤིས་ཚིག་བཀྲ་ཤིས་འཁོར་ལོ་མ། ཐོར་རྒོད་པ་སྤྱན་ཆབ།
ཁྱོད་ཀྱིས་གསུངས་པའི་རྨི་ལམ་དྭངས་མོ་གཅིག། ང་ལ་ཡོད་པའི་དམིགས་ཀྱི་རི་མོ་གཉིས།།
བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་ཚིག་གི་ལྷ་ཡིས་ངེད་གཉིས་སྲུངས།།
ཁྱོད་ཀྱིས་བསྙལ་བའི་ལོ་ཆང་བསིལ་མ་གཅིག། ང་ཡིས་འདོད་པའི་བཟི་ཁ་བཙན་པོ་གཉིས།།
བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་བདུད་རྩི་མཆོད་པའི་ངེད་གཉིས་བསྟོད།།
ཁྱོད་ཀྱིས་བོར་པའི་ཞེ་མདང་མདུད་པ་གཅིག། ང་ལ་མངའ་བའི་མགུལ་ལེ་དྲོན་མོ་གཉིས།།
བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་རྫས་ཀྱི་ཐག་པས་ངེད་གཉིས་ཆོངས།།
ཕྱི་ན་བཀྲ་ཤིས་འཛུམ་ཀྱི་མངར་ཁ་གཅིག། ནང་ན་བཀྲ་ཤིས་ཕན་པའི་དྲོད་ཁོལ་གཉིས།།
བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བོད་ཀྱི་མ་ཡུམ་དྲ་ཚིགས་ཁྲི་ལོར་ཤོག
ཐུགས་རྗེ་ཆེ་ཞུ།
ཁེ་ན་ཌ་གནས་བཞུགས་དྲ་རྒྱ་སྒྲིག་སྦྱོར་ཆེད་མཁས་པ་བསོད་ནམས་འོད་ཟེར་ལགས་ཀྱིས་ལྷག་བསམ་རྣམ་དག་གིས་ང་ཚོར་དྲ་བའི་མཐུན་རྐྱེན་དང་། དྲ་ཚིགས་སྒྲིག་སྦྱོར་ཐོག་ལམ་སྟོན་རོགས་རམ་གནང་བ་བཅས་ལ་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ། མ་ཡུམ་རྩོམ་སྒྲིག་པས།