མ་ཡུམ་རྩོམ་སྒྲིག་པ།

སློབ་སྟོན་པ། རྒྱལ་རོང་ཐུབ་བསྟན་ཆོས་སྒྲོན།
སྤྱི་ཁྱབ་རྩོམ་སྒྲིག་པ། མེ་འོད།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་འཚོ། ཚེ་རིང་ཆོས་སྒྲོན།
རྩོམ་སྒྲིག་པ། འབྲོང་དར་རྒྱས། བྱ་སྨྱོན་པ།
འབྲེལ་མཐུད་པ། རྒྱལ་རོང་པདྨ།

དྲ་ངོས་ཀློག་གྲངས།

About Me

མ་ཡུམ།
མ་ཡུམ་ཞེས་པའི་དྲ་རྒྱ་འདི་ནི་བུད་མེད་རྐྱང་བའི་རྩོམ་པ་པོ་རྣམས་ཀྱི་ཆེད་དུ་ཡིན་པ་དང༌། གཙོ་བོ་བུད་མེད་རྣམས་ཀྱི་བསམ་བློ་བརྗེ་རེས་བྱེད་སའི་སྟེགས་བུ་ཞིག་དང༌། བུད་མེད་རྣམས་ཀྱི་འདས་པའི་བྱུང་བ་དང་ད་ལྟའི་གནས་བབ། མ་འོངས་པའི་ཕུགས་བསམ་བཅས་གསལ་སྟོན་བྱེད་སའི་རང་དབང་གི་སྟེགས་བུ་ཞིག་ཀྱང་ཡིན། དྲ་རྒྱ་འདི་བུད་མེད་རྒན་གཞོན་དང༌། བཙུན་མ། སློབ་ཕྲུག་ཡོངས་ལ་གཏན་དུ་དབང༌།
View my complete profile

དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

འབྲེལ་གཏུགས་ཁ་བྱང་།

mayum2010@gmail.com

Blog Archive

ཟིན་བྲིས་འདིའི་བདག་དབང་ཆ་ཚང་མ་ཡུམ་དྲ་རྒྱ་ལ་ཡོད།. Powered by Blogger.

དཀར་ཆག


༥/༨ ཨ་མའི་དུས་ཆེན་ལ།

བོད་ཀྱི་མ་ཡུམ་ཚོ་གཙོས་པའི་གནམ་འོག་གི་ཨ་མ་ཚང་མར་འཚམས་འདྲི་ཞུ་བ་དང་། ཨ་མ་ཚོའི་མཐའ་མེད་པའི་བྱམས་སེམས་དང་གཏིང་ཟབ་པའི་བརྩེ་བ་ཡིས་འགྲོ་བ་མིའི་རིགས་ཀྱི་རང་བྱུང་ཁམས་ལ་བདེ་སྐྱིད་རྫོགས་ལྡན་ཐོབ་པར་སྨོན་འདུན་ཞུ།

 
དབུས་བཟའ་མཁའ་འགྲོ་མ།
ཆུ་སྐྱེས་སྒྲོལ་མ།   ཁ་ན་ཌ།
དབུས་གཙང་ཁོངས་ན་རྒྱ་ར་གར་ཤ་ཞེས་པའི་ལུང་པ་ཞིག་ཡོད་པ་དེར། བདག་སྐྱོང་བྱེད་མཁན་མི་དབང་བྱམས་པ་མགོན་པོ་ནི་གཏེར་སྟོན་ཞིག་དང་གྲུབ་རྟགས་ཀྱང་སྟོན་ཐུབ་མཁན་ཞིག་ཡིན། ལོ་རྒྱུས་ཡིག་ཆ་ཁག་ན། ཁོང་ནི་རོང་ཚའི་སྤྲུལ་སྐུ་ཡིན་ཚུལ་བཀོད་ཡོད། ཁོང་གི་ཡུམ་གྱི་མཚན་ལ་ཚེ་རིང་ཆོས་འཛོམས་ཟེར་ཞིང༌། ཁོང་གཉིས་ལ་ཕྱི་ལོ་༡༨༨༠ལོར་བུ་མོ་ཞིག་སྐྱེས་པ་དེ་ནི། ཡབ་ཀྱི་དགོངས་པ་ལ་རང་ཉིད་ཀྱི་དཔོན་གནས་དང་བདག་དབང་རྒྱུད་འཛིན་པ་ཞིག་ཡོང་བར་རེ་བ་ཆེན་པོ་བཅངས་ནའང༌། བུ་མོ་ནི་ཡབ་ཀྱི་རྒྱུད་འཛིན་པ་བྱེད་པའི་བསམ་པ་མེད་པར། ནམ་རྒྱུན་རང་གིས་རྙེད་པ་ཡིན་ཟེར་ནས་སྐུ་འདྲ་དང་ཐང་ག ཆོས་དཔེ་སོགས་དངོས་རྫས་མང་པོ་བསྣམས་ཕེབས་མཁན་ཞིག་དང༌། དུས་རྒྱུན་དུ་གོ་དཀའ་བའི་སྙན་ཚིག་འདྲ་བོ་རེ་སྐྱོར་བ་ལ་དགའ་མོས་བྱེད་པ་ཞིག་ཡིན།
ཆུང་ངུའི་སྐབས་ནས་སྐྱིད་ཤོད་གྲོང་དཔོན་ཟེར་བ་ཞིག་ཡོད་པ་དེའི་སྲས་དང་གཉེན་རྟགས་བརྒྱབ་ཡོད་པ་ཞིག་ཡིན་ནའང༌། བུ་མོས་དུས་ནམ་ཡང་རང་བཞིན་ཕལ་བའི་ཁྱིམ་ཐབ་མི་བྱེད་ཅེས་ཨུ་ཚུགས་མཐར་སྐྱེལ་བྱེད་ཀྱི་ཡོད་སྟབས། མི་དབང་བྱམས་པ་མགོན་པོ་ཡབ་ཡུམ་གཉིས་ཐབས་ཟད་ཨུ་ཐུག་ཏུ་གྱུར་ནས། ད་ནི་ཅི་ཞིག་བྱེད་དགོས་སམ་སྙམ་ནས་སྡོད་དགོས་པ་བྱུང༌། བུ་མོ་དགུང་ལོ་བཅུ་གཉིས་ལ་སོན་སྐབས། མདོ་ཁམས་ཕྱོགས་ན་རྗོགས་པ་ཆེན་པོའི་ཆོས་ཡོད་འདུག་པ་དེར། ཚེ་འདི་ལ་སློབ་སྦྱོང་དང་དེར་ཆོས་ཀྱི་བྱ་བ་བྱེད་ཐུབ་པ་ཞིག་བྱ་དགོས་བསམ་པ་སེམས་ལ་འཆར་བ་དང་ཞལ་ནས་ཀྱང་དེ་ལྟར་ཡང་ཡང་གསུངས་སྟབས། ཡབ་ཡུམ་གཉིས་ལའང་ཅི་བྱ་འདི་བྱ་མེད་པར། བུ་མོའི་འདོད་པ་དེ་ཡབ་ཡུམ་གཉིས་ཀྱི་འདོད་པ་དང་མི་འདྲ་བ་ཞིག་འདུག་སྙམ་སྟེ། ཆུང་ངུ་ནས་གཉེན་གྱི་འབྲེལ་བ་བྱས་ཡོད་པ་དེ་ཕྱོགས་ལ་བསམ་བློ་གཞན་གཏོང་རྒྱུ་མ་རྙེད་པར་ལུས་པ་རེད། བུ་མོ་དགུང་ལོ་བཅུ་དྲུག་སོན་པའི་སྐབས་ལ། མདོ་ཁམས་གསེར་རྟའི་གསེར་སྒར་གྱི་རྒྱལ་སྲས་རིན་པོ་ཆེ་སྤྲུལ་དྲི་མེད་རིན་པོ་ཆེ་ཞུ་བ་དེ་གའི་འཁོར་ཚོགས་མང་པོ་དབུས་མཇལ་ལ་སླེབས་པ་དང་འཕྲད་ནས་མདོ་ཁམས་ཕྱོགས་ན་རྫོགས་པ་ཆེན་པོའི་ཆོས་སྐོར་བཀའ་འདྲི་སོགས་ཞུས་ནས་སྔོན་གྱི་ཐུགས་འདོད་སྒྲུབ་པའི་འདུན་པ་ཤུགས་ཇེ་ཆེར་འཕེལ་ནས། གསང་སྟབས་ཀྱིས་དེ་དག་གི་རྗེས་སུ་འབྲངས་ཏེ ཡུལ་དབུས་ནས་མདོ་ཁམས་ཕྱོགས་སུ་ཕེབས་ནས་ཐོག་མར་མདོ་སྨད་མགོ་ལོག་གི་མི་ཁྱིམ་ཆེན་པོ་ཞིག་གི་གཡོག་མོའི་ཚུལ་གྱིས་ལྟོ་གོས་འཕྱིད་ཙམ་གྱི་འཚོ་བར་རོལ་ནས་བཞུགས། རྗེས་ལ་ཁྱིམ་ཚང་དེས་མོ་རང་ལ་རང་གི་བུ་ཕྲུག་ནང་བཞིན་བདག་གཅེས་ཧ་ལས་པ་བྱས་ནའང༌། ཁྱིམ་ཐབ་འཛིན་པ་སོགས་གཏན་དུ་སྤངས་ནས་གནས་ངེས་མེད་དུ་འགྲིམ་ཞིང་ཆོས་ཁོ་ན་བྱས་ཤིང༌། གང་དུ་ཕེབས་པ་དང༌། གང་ནས་བཞུགས་པ་ཡིན་ནའང༌། ངོ་མཚར་བའི་བློ་ཇུས་དང༌། རྣམ་དཔྱོད་ནི་མི་ཕལ་བ་ཞིག་ལས་ལྷག་པ་ལྡན་སྟབས། དད་ལྡན་མང་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ནས་སྙན་གྲགས་ཇེ་ཆེ་ནས་ཇེ་ཆེར་འཕེལ། སྐབས་དེར་མདོ་ཁམས་ཕྱོགས་ན་སྙན་གྲགས་དང་འཕྲིན་ལས་ཀྱི་བདག་པོར་གྱུར་པ་ཁྲག་འཐུང་འདུད་འཇོམས་གླིང་པ་དང༌། རིགས་སྲས་དྲི་མེད་འོད་ཟེར། མགར་བ་གཏེར་ཆེན་བདུད་འདུལ་དབང་ཕྱུག་གླིང་པ། དཔལ་ཡུལ་སྒོ་སྤྲུལ་རིན་པོ་ཆེ་སོགས་རྩོད་མེད་ཡོངས་གྲགས་ཀྱི་གཏེར་སྟོན་པ་དང་གྲུབ་ཐོབ་མང་པོའི་མདུན་ནས་ཆོས་དང་གདམས་ངག་ཞུ་བ་སོགས་ལ་འབད་པ་བསྟེན་སྟབས། དུས་ཚོད་ཐུང་ངུའི་ནང་བསྟན་པ་དང་འགྲོ་བའི་དོན་མང་པོ་འགྲུབ་པ་ཞིག་ཆགས་ཤིང༌། ལྷག་པར་དུ་འཆད་པ་དང་རྩོམ་པའི་མཁས་པའི་ལས་ལ་ཐོགས་པ་མེད་པར་གྱུར་ཏེ། མདོ་སྨད་མགོ་ལོག་དང་གསེར་རྟ་གཉིས་ཀྱིས་གཙོས་པའི་མདོ་ཁམས་ཀྱི་ཕྱོགས་གང་སར་སྙན་གྲགས་ཁྱབ་པ་ཞིག་བྱུང་བ་དེ་ནི། དབུས་གཙང་གི་ཡུལ་ནས་མདོ་ཁམས་ཕྱོགས་སུ་ཆོས་ཁོ་ནའི་ཆེད་ཕེབས་པའི་དབུས་བཟའ་མཁའ་འགྲོ་མ་ཀུན་བཟང་བདེ་སྐྱོང་དབང་མོ་བདེ་བའི་རྡོ་རྗེ་ཞུ་བ་ཁོང་ཡིན།
ཁོང་གིས་རིག་གནས་སྤྱི་དང་ལྷག་པར་ནང་བའི་རྫོགས་པ་ཆེན་པོ་ལ་སློབ་སྦྱོང་གནང་སྟངས་ནི། འཇིག་རྟེན་གྱི་གནས་སྐབས་བདེ་བའི་རིགས་ཆ་ཚང་རྒྱབ་ཏུ་བསྐྱུར་ཞིང༌། གནས་གང་དང་ཡུལ་གང་དུ་ཕེབས་པ་དང་བཞུགས་པའི་སྐབས་ལ། སློབ་གཉེར་བྱེད་པ་ནི་ལས་དོན་ཐམས་ཅད་ཀྱི་ཨང་དང་པོར་བཞག་སྟེ། ཉིན་མཚན་དབྱེར་མེད་ལྟ་བུའི་འབད་པ་དྲག་པོ་བྱས་ནས་ཐོག་མར་སྤྲང་འཁྱམ་པ་ཞིག་གི་རྣམ་པས་མདོ་ཁམས་ཕྱོགས་སུ་ཕེབས་པ་དེ། རྗེས་ལ་མཆོག་དམན་སྐྱེ་བོ་མང་པོས་དད་པའི་ཕྱག་འཚལ་ཡུལ་ཞིག་ཏུ་གྱུར་ཡོད། ཉེ་རབས་ཀྱི་ལོ་རྒྱུས་ཁྲོད་ནས་གཟེངས་སུ་ཐོན་ཤོས་ཀྱི་བུད་མེད་མཁས་པ་ཆེན་པོ་ཞིག་ཡིན། དབུས་བཟའ་མཁའ་འགྲོ་མ་ནི། ཆུང་ངུ་ནས་ཆོས་སེམས་ཆེ་ཞིང་ཆོས་ཀྱི་བྱ་བ་བྱེད་པ་ལ་བློ་སེམས་གཅིག་ཏུ་ཕྱོགས་པ་ཞིག་ཡིན་པ་དང༌། མདོ་ཁམས་ཕྱོགས་སུ་ཕེབས་ནས། ཆོས་ཀྱི་གཞུང་དང༌། སུམ་རྟགས་རིག་གནས་སོགས་ལའང་ལེགས་པར་སྦྱངས་ནས་མཁས་པར་གྱུར་པ་ཞིག་ཡིན། ཁོང་ལ་གསུང་འབུམ་མང་པོ་ཞིག་ཡོད་འདུག་ནའང༌། ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པ་ལ། གསུང་འབུམ་པོད་ཆེན་དྲུག་ཡོད། གསུང་འབུམ་དེ་དག་གི་ནང་དུ། རྫོགས་པ་ཆེན་པོའི་ཆོས་ཀྱི་སྐོར་དང༌། ཉམས་ལེན་གྱི་སྐོར། མན་ངག་གི་སྐོར། གཏེར་ཆོས་ཀྱི་སྐོར། ཡི་དམ་སྒྲུབ་ཐབས་ཀྱི་སྐོར་སོགས་ཆོས་ཚན་མང་པོ་བཞུགས་ཤིང༌། གཞན་ཡང༌། རང་རྣམ་པོད་ཆེན་གཅིག་དང༌། ཉམས་མགུར་གྱི་སྐོར། ནད་རིམས་ཞི་བྱེད། བར་ཆད་སེལ་བྱེད། ཕྱུགས་གོད་དང་བཙན་ཐན་འགོག་བཅོས། ཁོར་ཡུག་སྲུང་སྐྱོབ། ས་བཅུད་གསོ་ཐབས་སོགས་མང་དུ་བཞུགས་པ་དེ་དག་ནི་རྗོད་བྱེད་ཀྱི་བབ་བོད་གངས་ཅན་པ་སྤྱི་ཡིས་གོ་བའི་སྤྱི་སྐད་དུ་བྲིས་ཡོད་པ་དང༌། འབངས་མི་རང་བཞིན་པའི་སྐད་ཀྱི་འགྲོས་ཤུགས་ཆེ་བར་བྱས་ཡོད་པ་ཞིག་ཡིན་པ་དེ་ནི། བོད་ཀྱི་རྩོམ་རིག་སྤྱི་དང༌། ནང་སྒོས་སུ་བུད་མེད་རིགས་ཀྱི་ལྷན་སྐྱེས་ཐུན་མིན་གྱི་ཚོར་བའི་ཁྱད་ཆོས་ཀྱིས་ཡུལ་བཀོད་དང༌། བརྩེ་དུང་སོགས་ཉམས་སུ་ལེན་སྟངས་ཁྱད་པར་བ་སྤྱད་ནས་བྲིས་ཡོད་སྟབས། བུད་མེད་ཀྱི་བརྩམས་ཆོས་ཁྲོད་ནས་གོ་ས་མཐོ་ཤོས་ཟིན་ཡོད་པ་ཞིག་ཡིན།



 
 
གསོ་རིག་མཁས་ཅན་དབྱངས་ཅན་ལྷ་མོ།

བོད་ཀྱི་གསོ་རིག་མཁས་ཅན་སྨན་པ་དབྱངས་ཅན་ལྷ་མོ་ནི། བོད་རབ་བྱུང་བཅོ་ལྔ་པའི་མེ་ལུག་ཕྱི་ལོ་༡༩༠༧ལོར་སྦས་ཡུལ་པདྨ་བཀོད་དུ་ཡབ་རྗེ་དྲུང་བྱམས་པ་འབྱུང་གནས་དང་ཡུམ་ཚུལ་ཁྲིམས་གཉིས་ཀྱི་སྲས་མོར་འཁྲུངས། ཁོང་མོས་ཡབ་ལས་ཡི་གེ་འབྲི་ཀློག་དང་སུམ་རྟགས་གཉིས་ལ་སྦྱངས་ཤིང༌། དེ་ནས་གསོ་བ་རིག་པར་སྦྱངས་བརྩོན་གནང༌། ཁོང་གི་བློ་རིག་ཤིན་ཏུ་བཀྲ་ཞིང་ཉིན་རེར་སྨན་གཞུང་ཤོག་ལྷེབ་བཅོ་ལྔ་ལྷག་བློར་འཛིན་ཐུབ་པས་ཆུང་དུས་ནས་གྲུབ་འབྲས་ཁྱད་དུ་འཕགས་པ་བྱུང༌། ཁོང་མོ་དགུང་ལོ་བཅུ་གསུམ་ནས་བཟུང་རྩ་ཆུར་བརྟག་མཁས་པའི་ཕུལ་བྱུང་སྨན་པ་ཞིག་ཏུ་གྱུར་བ་དང༌། ནད་བཅོས་སྲོག་སྐྱོབ་ཀྱི་བྱ་བཞག་རླབས་པོ་ཆེར་ཞུགས། ཁོང་གིས་གསོ་རིག་མཁས་དབང་མཁྱེན་རབ་ནོར་བུའི་ཐུགས་བཀོད་ལྟར་སྨན་པ་བོ་དོང་པ་སོགས་ལས་མིག་འབྱེད་ཀྱི་རྩལ་ལ་སྦྱངས་ཤིང༌། རིང་པོ་མ་སོང་བར་ལག་རྩལ་དེ་ཁོང་དུ་ཆུད། ཁོ་ང་གིས་ཉམ་ཐག་གི་ནད་པ་ཚོར་སྨན་ཡོན་མི་ལེན་པ་དང་ཕྱོགས་མཐའ་ནས་ཕེབས་པའི་ནད་པ་ཚོར་རོགས་རམ་རྒྱ་ཆེར་བྱས། ཕྱི་ལོ་༡༩༤༨ལོར་འབྲུག་རྒྱལ་པོའི་མིག་ལོང་བས། ཆེད་མངགས་བང་མི་ལྷ་སར་བཏང་སྟེ་འབྲུག་ཡུལ་དུ་གདན་དྲངས་ནས་མིག་འབྱེད་ཐུབ་པ་མ་ཟད་ཡུལ་དེར་སྨན་བཅོས་གནང་བས་གྲགས་སྙན་ཆེས་ཆེར་བྱུང༌། དེ་བཞིན་ཁོང་ས་ཕྱོགས་མང་པོར་ཕེབས་ནས་འགྲོ་བའི་ནད་ཀྱི་སྡུག་བསྔལ་རྒྱ་ཆེར་བཅོས། ཕྱི་ལོ་༡༩༥༦ལོར་ལྷ་ས་ནས་ཕྱིར་རང་ཡུལ་ཁམས་རི་བོ་ཆེར་ཕེབས། ཕྱི་ལོ་༡༩༥༨ལོར་མཁས་དབང་མཁྱེན་རབ་ནོར་བུའི་སྤྱན་ལོང་བ་བཅོས་སུ་ཕེབས་དགོས་པའི་བརྡ་འབྱོར་བ་ལྟར་ཕེབས་ཀྱང༌། རྒྱུ་རྐྱེན་མང་པོ་ཞིག་གིས་བཤེས་གཉེན་དམ་པའི་སྤྱན་བཅོས་ཀྱི་སྐལ་བ་ཐོབ་མི་འདུག སྤྱིར་བོད་ཀྱི་གསོ་རིག་གི་གཞུང་ལུགས་ནང་མིག་ནད་ལ་རིགས་སོ་གསུམ་ཡོད་པ་དང༌། ལོང་བར་ཕྱི་སྒྲིབ་དང་ནང་སྒྲིབ་བར་སྒྲིབ་གསུམ་ལས་ཁོང་མོ་ཕྱི་སྒྲིབ་དང་བར་སྒྲིབ་ལ་མཁས་པར་གྲགས། དེ་བཞིན་རྒྱུད་བཞི་སོགས་བོད་ཀྱི་གསོ་རིག་སྨན་གཞུང་ཁག་ནས་མོ་ནད་དང་བྱིས་པའི་ནད་རིགས་བརྟག་ཐབས་དང་བཅོས་ལུགས་ཆེས་ཞིབ་ཚགས་ཅན་ཡིན་ཡང༌། ལག་ལེན་གྱི་ཐོག་ནས་དེ་འདྲ་བྱུང་མེད་པས། ཕྱི་ལོ་༡༩༦༢ལོར་ལྷ་ས་སྨན་རྩིས་ཁང་དུ་མོ་ནད་དང་བྱིས་པའི་ཚན་ཁག་གསར་དུ་བཙུགས་ནས་ཚན་ཁག་དེའི་འགོ་ཁྲིད་དང་པོའི་འགན་བཞེས། ལྷག་དོན་ཕྱི་ལོ་༡༩༦༤ལོར་ཁོང་གིས་ལོ་མང་རིང་མོ་ནད་བཅོས་ཐབས་ཀྱི་ཉམས་མྱོང་རྣམས་ཡི་གེར་བཀོད་དེ་ཚོགས་ཆེན་ཐོག་སྒྲོག་སྦྱངས་གནང་བར་སྨན་པ་ཀུན་གྱིས་ཆེས་མཐོའི་གདེང་འཇོག་དང་དགའ་བསུ་ཆེན་པོ་ཐོབ། ཁོང་གི་ལག་རྩལ་དང་ཉམས་མྱོང་དག་ཉམས་མེད་རྒྱུན་འཛིན་གྱི་སློབ་མ་ཡང་མང་པོ་བྱུང་ཡོད། ཁོང་ནི་བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཡོས་ཕྱི་ལོ་༡༩༧༥ལོར་དགོངས་པ་རྫོགས་པ་དང༌། ཁོང་གི་སྐུ་ཚེ་ཧྲིལ་པོའི་རིང་ལ་གཡུ་ཐོག་ཡོན་ཏན་མགོན་པོས་གཏན་ལ་ཕབ་པའི་ཀུན་ལ་ཉེ་རིང་བྲལ་ཞིང༌། རང་དོན་རྒྱབ་ཏུ་བསྐྱུར་བའི་སྨན་པའི་བླ་མེད་ཀྱི་བཟང་སྤྱོད་ཁུར་དུ་བཞེས་པས། དུས་རབས་ཉི་ཤུ་པའི་ནང་བོད་ཀྱི་གསོ་བ་རིག་པའི་ཐོག་ལ་མཛད་འཕྲིན་དང་སྙན་གྲགས་ཕྱོགས་བཞིར་ཁྱབ་པའི་བུད་མེད་སྨན་པ་མཁས་དབང་ཞིག་ཡིན་ནོ།།



འབྲོ་བཟའ་ཁྲི་མ་ལོད།
          འབྲོ་བཟའ་ཁྲི་མ་ལོད་ནི་འབྲོའི་ཡུལ་དུ་འཁྲུངས་ཤིང་མང་སྲོང་གི་བཙུན་མོར་ཕེབས་ནས་སྲས་འདུས་སྲོང་མང་པོ་རྗེ་འཁྲུངས། སྲས་འཁྲུངས་པའི་ལོ་དེ་རང་ལ་ཡབ་མང་སྲོང་གཤེགས་ཕྱི་ལོ་༦༧༩པས་འདུས་སྲོང་ནར་མ་སོན་གྱི་བར་དུ་ཆབ་སྲིད་ཀྱི་འགན་དབང་བཟུང༌།
འདུས་སྲོང་གཤེགས་སྐབས་དབོན་སྲས་ཁྲི་ལྡེ་གཙུག་བརྟན་སྐུ་ན་ཕྲ་བས་ཕྱི་ནང་གི་ཆབ་སྲིད་ཐུགས་འགན་ཁྲི་མ་ལོད་ཀྱིས་བཟུང༌། སྐབས་དེར་བློན་འབངས་ཁག་གཅིག་གིས་ངོ་ལོག་རྒྱབ་པར་དྲག་གནོན་བྱས྄་ཤིང༌། ཁུ་མང་པོ་རྗེ་ལྷ་ཟུང་བྱ་བ་བློན་ཆེན་པོར་བསྐོས། འོན་ཀྱང་བཙན་མོ་ཁྲི་མ་ལོད་ཀྱི་སྙན་དུ་ཕྲ་མ་བཅུག་པས་རིང་པོ་མ་ལོན་པར་གླིང་རིང་ཚལ་དུ་ཁུ་མང་རྗེ་ཟུང་ལ་ཁྲིམས་གཅོད་ཀྱིས་དེའི་ཚབ་ཏུ་དབས་ཁྲི་གཟིགས་ཞང་ཉེན་བྱ་བ་བློན་ཆེན་དུ་བསྐོ་བཞག་བྱས། སྐབས་དེར་བཙན་པོའི་མངའ་ཐང་ཆེས་ཆེར་རྒྱས་ནས་ཤར་རྒྱ་ནག་ཐང་ལ་འཇིགས་ཟིལ་སྐུལ་ཞིང༌། སེ་རེབ་རྒྱལ་ཕྲན་སོགས་ནས་ངོ་ལོག་བརྒྱབ་པ་དག་དམག་དང་ཁྲིམས་ཀྱིས་མནན། ས་བྱ་ཕྱི་ལོ་༧༠༩ལོར་སེ་རིབ་ཀྱི་རྒྱལ་པོ་ཡང་གསོན་བཟུང་བྱས་པ་སོགས་བོད་བཙན་པོའི་ཆབ་སྲིད་ཇེ་བརྟན་དང་བོད་ཡུལ་བདེ་འཇགས་ཡོང་བར་མཛད་རྗེས་ཆེན་པོ་བཞག་ཡོད། ཁོང་ནི་སྲས་འདུས་སྲོང་དང་དབོན་སྲས་ཁྲི་ལྡེ་གཙུག་བརྟན་སྐབས་བཙན་པོ་ཡབ་སྲས་ཀྱི་ཆབ་སྲིད་སྐྱོང་རོགས་གནང་བས་བོད་བཙན་པོའི་རྒྱལ་རབས་ཀྱི་བཙུན་མོའི་ནང་ནས་ཆབ་སྲིད་ཀྱི་མཁྱེན་རྒྱ་དང་སྙན་གྲགས་དབང་ཐང་སོགས་ཆེ་ཤོས་དེ་བྱུང་བ་དང༌། བོད་ཀྱི་སྐྱེས་མའི་ལོ་རྒྱུས་ཁྲོད་ནས་རྣམ་དཔྱོད་དང་མཛད་རྗེས་ཆེ་བའི་སྐྱེས་མ་ཞིག་ཡིན། དེ་ལྟར་ཁོང་གིས་གཞན་དྲིང་མི་འཇོག་པའི་རླབས་ཆེན་གྱི་མཛད་རྗེས་བཞག་སྟེ་མཐར་བོད་ལུགས་ཆུ་བྱི་ཕྱི་ལོ་༧༧༢ལོར་འདས་སོ།།


ཨ་མ་རྗེ་བཙུན་པདྨ།
ཁོང་ནི་ཕྱི་ལོ་ ༡༩༤༠ ལོའི་བོད་ཟླ་ ༧ ཚེས་ ༧ ཉིན་ལ་བོད་ཀྱི་རྒྱལ་ས་ལྷ་སར་སྐུའི་གཅུང་མོར་འཁྲུངས་ཤ྄ིང༌། དགུང་ལོ་བཅུ་ལ་སོན་རྗེས་ཏེ་ཕྱི་ལོ་ ༡༩༤༩ ལོར་རྒྱ་གར་ཤར་ལྷོའི་ས་ཁུལ་ཀ་ལོན་སྦུག་སློབ་གྲྭར་སློབ་སྦྱོང་བྱེད་པར་ཕེབས། དེ་རྗེས་སུད་སི་དང་དབྱིན་ཡུལ་སོགས་སུ་སློབ་སྦྱོང་གནང༌། དགུང་ལོ་ཉེར་བཞི་སྟེ་ཕྱི་ལོ་ ༡༩༦༤ ལོར་རྡ་ས་བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་གྱི་མཛད་འགན་བཞེས་ཏེ་མི་ལོ་ལྔ་བཅུ་མ་ཟིན་ཙམ་འདིའི་ནང༌། དང་ཐོག་སྔོན་འགྲོའི་སློབ་གྲྭ་ཙམ་ལས་མེད་པའི་གནས་བབ་ལས་ད་ལྟ་མཐོ་རིམ་སློབ་གྲྭ་བར་སློབ་སྦྱོང་དང་འཛིན་སྐྱོང་གི་སྒྲིག་བཀོད་ཕུན་སུམ་ཚོགས་པ་གནང་ཡོད་ལ། ཕྱི་ལོ་ ༡༩༩༡ ལོར་ལྷ་སྐུ་ཁོང་ནི་བོད་ཀྱི་ལོ་རྒྱུས་ནང་བུད་མེད་བཀའ་བློན་དང་པོར་འདེམས་ཐོན་བྱུང་ཞིང༌། ཕྱི་ལོ་ ༡༩༩༧ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་༼གངས་ལྗོངས་བོད་ཀྱི་ཨ་མ༽ཞེས་པའི་མཚན་བསྟོད་གཟེངས་རྟགས་ཕུལ། དེ་བཞིན་ཨི་ཊ་ལི་ནས་༼བུད་མེད་ཀྱི་སྙིང་སྟོབས༽ཞེས་པ་དང༌། དེ་མིན་འཇར་མན་ནས་༼UNESCO༽ཡི་གཟེངས་རྟགས་སོགས་ཕུལ་བ་བཞེས། ཁོང་གིས་ལོ་འདི་འགའི་རིང་ལ་ྋགོང་ས་མཆོག་གི་ཐུགས་དགོངས་ལྟར་བོད་ཕྲུག་ཁྱིམ་སྡེའི་རྒྱ་བསྐྱེད་དང་འཕེལ་རྒྱས་ཀྱི་ཕྱོགས་ལ་སྐུ་ལས་ཚད་མེད་བསྐྱོན་གནང་གིས་རྡ་ས་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སུ་གཏན་སྡོད་བོད་ཁྱིམ་སློབ་གྲྭ་དང༌། དེ་འབྲེལ་གྱིས་ཉིན་མོ་སློབ་གྲྭ་དང་ལག་ཤེས་སྡེ་ཚན་སོགས་ཕྱོགས་གང་ཐད་ནས་ཕུན་སུམ་ཚོགས་པ་གནང་ཞིང༌། རང་རེ་བོད་ཀྱི་སོན་རྩ་སྟེ་བྱིས་པ་ཚོའི་སློབ་སྦྱོང་གི་གོ་སྐབས་དང་འཚོ་གོས་གནས་མལ་ལ་ཐུགས་ཁྲེལ་མེད་པའི་སྐུ་ལས་བསྐྱོན་ཏེ་དྲིན་ཅན་ཨ་མ་ཞིག་གི་ཐུགས་འགན་ཡོངས་སུ་བཞེས་པས་ཨ་མ་རྗེ་བཙུན་པདྨ་ཞེས་ཡོངས་སུ་གྲགས་ཤིང༌། ད་ལྟའང་གངས་ཅན་བོད་ཀྱི་བྱིས་པ་ཚོའི་ཆེད་ངལ་བ་འཛེམས་མེད་ཀྱིས་ཕྱག་ལས་གནང་དང་གནང་མུས་ཡིན་པ་བཅས་སོ།།
མ་ཅིག་ལབ་སྒྲོན།
      འཛམ་གླིང་གི་སྐྱེས་མ་བསམ་བློ་པ་ཐོག་མ་ཡིན་པའི་མ་ཅིག་ལབ་སྒྲོན་ནི་ཕྱི་ལོ་༡༠༣༡ལོར་གཡེ་ལབ་དུ་ཡབ་ཆོས་བློ་དང༌། ཡུམ་ཀླུངས་མོ་འབུམ་གཉིས་ཀྱི་སྲས་མོར་སྐུ་འཁྲུངས། རིམ་གྱིས་ནར་སོན་པ་ན་བློ་རིག་ཤིན་ཏུ་བཀྲ་བས་མཚན་ལའང་ཤེས་རབ་སྒྲོན་མེ་ཞེས་བཏགས། ཡུལ་དེའི་མངའ་བདག་གིས་བུ་མོ་དེ་བློ་རིག་ཁྱད་པར་ཅན་ཞིག་ཡིན་པ་གོ་ནས་གདན་བསུ་བྱས། ཡུལ་ལབ་ཕྱི་ནས་ཡིན་པ་དང་མཚན་ལ་ཤེས་རབ་སྒྲོན་མེ་ཡིན་པས་ན་ལབ་སྒྲོན་ཞེས་པའི་མཚན་འདི་བཏགས་པར་བཤད།
      དགེ་བཤེས་ཨ་སྟོན་དང༌། སྐྱོ་སྟོན་བསོད་ནམས་བླ་མ། བླ་མ་ཞྭ་དམར་བ། བླ་མ་སྦས་སྟོན་པ། ཕ་དམ་པ་སོགས་བླ་མར་བསྟེན་ནས་མདོ་སྔགས་གཉིས་ཀྱི་གདམས་པ་གསན་བཞེས་ཀྱིས་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས། མ་ཅིག་ལབ་སྒྲོན་གྱིས་ཞི་བྱེད་གཅོད་ཀྱི་གྲུབ་མཐའི་སྲོལ་བཏོད་ཅིང༌། མོ་རང་གི་བསམ་བློ་དང་དཔྱད་སྟོབས། རྩོམ་རྩལ་བཅས་ལ་བརྟེན་ནས་༼གཅོད་གཞུང་བཀའ་ཚོམ་ཆེན་མོ།༽དང༌།༼ཡང་ཚོམ།༽༼ཉིང་ཚོམ།༽༼ལེའུ་ལག༽༼གནས་ཐེམ།༽༼ཁོང་རྒོལ།༽༼གསང་བ་བརྡ་ཆོས།༽༼བཟླས་སྐོར་གསུམ།༽༼གཞི་ལམ་སློང་བ།༽༼ཁྱད་པར་ཅན་གྱི་མན་ངག༽བཅས་གསར་རྩོམ་གནང་བར་བརྟེན། ཁོང་མོ་ནི་བོད་ཀྱི་རྩོམ་རིག་ལ་ཤུགས་རྐྱེན་ཆེ་བའི་རླབས་ཆེན་གྱི་སྐྱེས་མ་རྩོམ་པ་པོ་ཞིག་ཡིན་པ་མ་ཟད། འཛམ་གླིང་གི་སྐྱེས་མ་བསམ་བློ་པ་ཐོག་མ་དེ་ཡང་ཡིན། སྤྱིར་རྒྱ་གར་གྱི་གཞུང་ལུགས་མང་པོ་བོད་དུ་དར་སྤེལ་གཏོང་བའི་སྲོལ་ཤུགས་ཆེན་ཡོད་པ་དེ་ནའང༌། མ་ཅིག་ལབ་སྒྲོན་ཁོང་རང་ཉིད་ཀྱིས་གསར་དུ་མཛད་ཅིང་བོད་དུ་ས་སྐྱེས་རྡོ་སྐྱེས་ཀྱི་གཅོད་ཀྱི་གཞུང་ལུགས་རྒྱ་གར་དུ་དར་སྤེལ་མཛད་པ་དང༌། རྒྱ་གར་གྱི་མཁས་གྲུབ་མང་པོར་བཀའ་ཆོས་གནང་བ་དེ་བོད་ཀྱི་མཁས་པས་རྒྱ་གར་ལ་ཆོས་སྤེལ་བ་དང་བཀའ་ཆོས་གནང་བ་ཐོག་མ་དེ་ཡིན་པར་བཤད། 
      ཁོང་མོ་ནི་གུ་དོག་པའི་གོམས་སྲོལ་ལས་བརྒལ་ནས་ཕྱི་རྒྱལ་པ་བླ་མ་བྷ་དྲ་ཡ་དང་རང་དབང་གིས་གཉེན་སྒྲིག་གནང༌། གྲུབ་པ་དང༌། གྲུབ་ཆེན། གྲུབ་ཆུང་མ་བཅས་རིགས་སྲས་གསུམ་འཁྲུངས། ལབ་སྒྲོན་གྱི་བསམ་བློ་དང་གྲུབ་མཐའ་ནི། སློབ་མ་གཙོ་བོ་ཐོད་སྨྱོན་བསམ་འགྲུབ་དང༌། རིགས་སྲས་རྒྱལ་པ་དོན་གྲུབ། སྲས་མོ་རྒྱན་བཞི། ཁུ་བསྒོམ་ཆོས་ཀྱི་སེངྒེ་བཅས་ལ་བསྩལ་ཅིང་དར་སྤེལ་མཛད་ནས་ད་ལྟའི་སྐབས་ལ་རྒྱུན་མ་ཆད་པར་གནས་བཞིན་དེ་ལྟར་དང༌། མཐར་དགུང་ལོ་༡༠༡པ་ཕྱི་ལོ་༡༢༠༡ ལོར་སྐུ་མྱ་ངན་འདས་པའི་ཚུལ་བསྟན་པའོ།།

མ་ཡུམ་དྲ་ཚིགས་ཀྱི་འཁྲུངས་སྐར་ལ་ཕུལ་བ། ཀླུ་སྨྱོན་ཧེ་རུ་ཀ

རང་བྱུང་ཁམས་ཆེན་པོ་ལྟ་བུའི་མ་ཡུམ་ཚོའི། ནམ་མཁའ་ལྟ་བུའི་བྱམས་བརྩེ་དང་། ས་གཞི་ལྟ་བུའི་ཕྱག་ཟུང་། རྒྱ་མཚོ་ལྟ་བུའི་སྤྱན་ཆབ་ཀྱིས་ཆེ་རུ་གསོས་པའི་ང་ཚོས། རང་གི་མ་ཡུམ་དག་ལ་དྲིན་ལན་ཅི་ཞིག་འཇལ་ཡོད། རང་གི་མ་ཡུམ་དག་གི་དྲིན་ལན་ཇི་ལྟར་འཇལ་རྩིས་ཡོད། ཀྱེ། བདག་གི་སྙིང་ཉེ་བའི་གྲོགས་པོ་དག

མ་ཡུམ་དྲ་བའི་དབུ་འབྱེད་ལ་བཅོས་མིན་སྙིང་ནས་རྟེན་འབྲེལ་ཞུ། ལྷ་ཆབ་སྦྱིན་པས།

རང་རེའི་བཙན་བྱོལ་སྤྱི་ཚོགས་འདི་འཁྲུག་ཆ་དོད་དུ་ཕྱིན་པ་དང་མཉམ་དུ་གཞུང་སྒེར་སྣ་ཚོགས་ཀྱི་རྩོམ་རིག་གི་དྲ་བ་སོགས་ཀྱང་དེ་བཞིན་དུ་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་འོང་གི་འདུག འདས་པའི་ལོ་གཅིག་གི་ནང་ཚུན་ལ་ཡང་རྣམ་པ་མི་འདྲ་བའི་དྲ་བ་ཁག་དུ་མ་ཞིག་བྱུང་བའི་ཁྲོད་ཐད་ཀར་སྤྱི་ཚོགས་ལ་ཤུགས་རྐྱེན་ཡོད་པ་ཞིག་ཅི་བས་དཀོན་ནའང་། དེ་རིང་རྒྱལ་སྤྱིའི་སྐད་ཡིག་གི་ཉིན་མོར་སྟབས་བསྟུན་ནས་༼མ་ཡུམ༽ཞེས་པའི་དྲ་བ་འདི་བོད་རིགས་བུད་མེད་རྣམས་ལ་ཆེད་དུ་དམིགས་ནས་དབུ་འབྱེད་བྱས་པར་བཅོས་མིན་སྙིང་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ཏུ། མ་འོངས་པར་འདི་དང་འདི་བརྒྱུད་ནས་བོད་རིགས་བུད་མེད་རྣམས་ཀྱིས་འདས་པའི་མེས་པོའི་སྲོལ་རྒྱུན་ལས་རང་གི་རིགས་ལ་དམའ་འབེབ་དང་མཐོང་ཆུང་ཅི་བྱས་ཀྱི་ཉམས་མྱོང་ལ་བརྟེན་ནས། གསར་གཏོད་དང་སྒྱུ་རྩལ། དམིགས་འབེན་ཡོད་པ་ཞིག་གི་ལམ་ཁ་སྙེག་ཐུབ་པའི་བཀྲ་ཤིས་བདེ་ལེགས་ཞུ།

མ༵་ཡུམ༵་དྲ་རྒྱ་ལ་ཕུལ་བའི་ཤིས་ཚིག་དང་འབོད་སྐུལ། དགེ་བཤེས་བེ་རི་འཇིགས་མེད།

མ༵་ཡུམ༵་གངས་ཅན་གྱི་ཞིང་ཁམས།། མ༵་རབས་རྒྱ་དམར་གྱིས་འཕྲོགས་ཀྱང་།། མ༵་འཁྱོགས་དྲང་ཐིག་གི་རི་མོ།། མ༵་ཆད་དྲ་ཐོག་ནས་གསལ་འོང་།། མ༵་ལོའི་འོ་མ༵་ཡིས་གསོས་པའི།། མ༵་སྤུན་བོད་རིགས་ཀྱི་མི་དམངས།། མ༵་བཅོས་སེམས་ཁམས་ཀྱི་རི་མོ།། མ༵་སྦས་དྲ་ཐོག་ལ་ཁོད་དང་།།

རྒན་བསོད་ནམས་རྒྱལ་མཚན་གྱིས་མ་ཡུམ་དྲ་ཚིགས་ལ་གནང་བའི་ཤིས་ཚིག

རྟེན་འབྲེལ་ཞུ། སེམས་ཁུང་གི་ཀུན་རྟོགས་ཀྱི་འདབ་མ་རེ་རེ། མཁའ་དབྱིངས་སུ་རྩེན་པའི་ཆུ་འཛིན་གཞོན་ནུ་དང་བསྡེབས་ནས། མཐའ་ཡས་པའི་བློ་གསར་པ་མང་པོ་ཞིག་གི་འདབ་མ་གྲོལ་བའི་སྨོན་འདུན་ཞུ།

ཨ་འཇམ་གྱིས་མ་ཡུམ་དྲ་བར་གནང་བའི་ཤིས་ཚིག

མ་ཡུམ་ནི་མིའི་རིགས་ཀྱི་གཙང་བོའི་འགོ་ཁུངས་ཤིག མ་ཡུམ་ནི་བྱམས་བརྩེའི་རྨང་གཞི་འདིང་མཁན་གྱི་ཞི་བདེའི་ནམ་མཁའ་ཞིག མ་ཡུམ་ནི་འཚོ་བའི་བར་སྣང་ཕྱེ་བའི་སྐྱ་རེངས་ཀྱི་སྒོ་གླགས་ཤིག འདི་ལྟར་མ་ཡུམ་ནི་འཚོ་གནས་ཀྱི་ཁོར་ཡུག་ནས་མེད་དུ་མི་རུང་བའི་མ་ཡུམ་ཞིག་སྟེ། འདི་ལྟར་མ་ཡུམ་གྱི་དྲ་རྒྱ་དབུ་བརྙེས་པ་ཡང་སྤྲོ་སེམས་ཁོལ་བའི་ངང་རྟེན་འབྲེལ་ཞུ། ༢༠༡༡ ༢ ༢༣ ལ་གོང་ས་ཏཱ་ལའི་བླ་མ་མཐོ་སློབ་ནས་ཨ་འཇམ་གྱིས།

མ་ཡུམ་དྲ་ཚིགས་ཀྱི་སྐྱེས་སྐར་ལ་ཕུལ་བའི་ཤིས་ཚིག གཟུངས་ཕྱུག་སྐྱིད།

རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་དག་སྣང་གིས་བཞེངས་ནས།། ཡུམ་ཆེན་བྲག་གི་སྲིན་མོའི་རྣམ་ཐར་ནས་བརྩམས་ཏེ།། མ་གཅིག་ལབ་ཀྱི་སྒྲོན་མའི་མཛད་རིམ་ལ་གཞིགས་ཚེ།། སྐྱེད་ཡུམ་ལྷ་མོའི་ཚོགས་ཀྱི་རྟོགས་བརྗོད་དེ་མཚར་ཨང་།། འབྲོ་བཟའ་ཁྲི་མ་ལོད་ཀྱི་དཔའ་མཛངས་དེ་བཙལ་ནས།། བཙན་མོ་སད་མ་ཀར་གྱི་བློ་བཀོད་ལ་བསྔགས་བཞིན།། ཚེ་སྤོང་མེ་ཏོག་བཟའ་ཡི་མཁྲེགས་འཛིན་ལ་བསམ་ན།། ན་རིམ་བཙུན་མོའི་ཚོགས་ཀྱི་ལོ་རྒྱུས་དེ་བརྗིད་ཨང་།། མྱང་ཚ་དཀར་རྒྱན་ཁྲོས་པའི་བློ་སྤོབས་ལ་དཔྱད་ཀྱིན།། ཨ་ཅེ་སྣང་ས་སྐྱོ་བའི་ངེས་འབྱུང་ལ་བརྟག་ནས།། གླིང་བཟའ་སེང་ལྕམ་འབྲུག་མོའི་སྐྱེས་འབྲས་ལ་བལྟས་ན།། གངས་ཅན་མ་ཡུམ་དག་གི་བཞུད་ལམ་འདི་རྨད་ཨང་།། བྱམས་བརྩེའི་དྲིན་གྱིས་བསྐྱངས་པའི་མ་རྒན་ནས་བརྩིས་ཏེ།། དགའ་བའི་འཛུམ་གྱིས་བསུ་མཁས་སྨན་ཤར་གྱི་གྲོགས་མོ།། འཇིག་རྟེན་བདེ་ལྡན་ཞིང་གི་ཁྱིམ་གཞིས་ལ་དཔག་ཚེ།། བདེ་སྦྱིན་མ་ཡུམ་ཚོགས་ཀྱི་དུངས་པ་དེ་འཕགས་ཨང་།། ད་ཡང་འཇིག་རྟེན་མི་ཡི་གྲལ་འགོ་ནས་ལངས་ཏེ།། ཤར་ནུབ་འཛམ་གླིང་ཟླུམ་པོའི་དཀྱིལ་དབུས་སུ་ཕེབས་ནས།། ༼མ་ཡུམ་དྲ་ཚིགས༽སྒེག་མོ་ལྷུག་ལྷུག་ཏུ་དགད་ཚེ།། ཕྱོགས་ཀྱི་མགྲོན་པོའི་ངག་གི་རམ་འདེགས་འདི་མཛེས་ཨང་།། ཞེས་པ་འདི་གསར་དུ་སྒོ་འབྱེད་གནང་བའི་མ་ཡུམ་དྲ་ཚིགས་ཀྱི་སྐྱེས་སྐར་ལ་བཀྲ་ཤིས་ཁ་བཏགས་ཤིག་གི་ཚུལ་དུ་གཟུངས་ཕྱུག་སྐྱིད་ཀྱིས་སྤྱི་ལོ་༢༠༡༡ལོའི་ཟླ་༢པའི་ཚེས་༢༡ཉིན་རྡ་རམ་ས་ལར་བྲིས།

མ་ཡུམ་དྲ་ཚིགས་ལ་ཕུལ་བའི་ཤིས་ཚིག་བཀྲ་ཤིས་འཁོར་ལོ་མ། ཐོར་རྒོད་པ་སྤྱན་ཆབ།

  ཁྱོད་ཀྱིས་གསུངས་པའི་རྨི་ལམ་དྭངས་མོ་གཅིག། ང་ལ་ཡོད་པའི་དམིགས་ཀྱི་རི་མོ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་ཚིག་གི་ལྷ་ཡིས་ངེད་གཉིས་སྲུངས།།  ཁྱོད་ཀྱིས་བསྙལ་བའི་ལོ་ཆང་བསིལ་མ་གཅིག། ང་ཡིས་འདོད་པའི་བཟི་ཁ་བཙན་པོ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་བདུད་རྩི་མཆོད་པའི་ངེད་གཉིས་བསྟོད།།  ཁྱོད་ཀྱིས་བོར་པའི་ཞེ་མདང་མདུད་པ་གཅིག། ང་ལ་མངའ་བའི་མགུལ་ལེ་དྲོན་མོ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་རྫས་ཀྱི་ཐག་པས་ངེད་གཉིས་ཆོངས།།  ཕྱི་ན་བཀྲ་ཤིས་འཛུམ་ཀྱི་མངར་ཁ་གཅིག། ནང་ན་བཀྲ་ཤིས་ཕན་པའི་དྲོད་ཁོལ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བོད་ཀྱི་མ་ཡུམ་དྲ་ཚིགས་ཁྲི་ལོར་ཤོག

ཐུགས་རྗེ་ཆེ་ཞུ།

ཁེ་ན་ཌ་གནས་བཞུགས་དྲ་རྒྱ་སྒྲིག་སྦྱོར་ཆེད་མཁས་པ་བསོད་ནམས་འོད་ཟེར་ལགས་ཀྱིས་ལྷག་བསམ་རྣམ་དག་གིས་ང་ཚོར་དྲ་བའི་མཐུན་རྐྱེན་དང་། དྲ་ཚིགས་སྒྲིག་སྦྱོར་ཐོག་ལམ་སྟོན་རོགས་རམ་གནང་བ་བཅས་ལ་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ། མ་ཡུམ་རྩོམ་སྒྲིག་པས།