མ་ཡུམ་རྩོམ་སྒྲིག་པ།

སློབ་སྟོན་པ། རྒྱལ་རོང་ཐུབ་བསྟན་ཆོས་སྒྲོན།
སྤྱི་ཁྱབ་རྩོམ་སྒྲིག་པ། མེ་འོད།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་འཚོ། ཚེ་རིང་ཆོས་སྒྲོན།
རྩོམ་སྒྲིག་པ། འབྲོང་དར་རྒྱས། བྱ་སྨྱོན་པ།
འབྲེལ་མཐུད་པ། རྒྱལ་རོང་པདྨ།

དྲ་ངོས་ཀློག་གྲངས།

About Me

མ་ཡུམ།
མ་ཡུམ་ཞེས་པའི་དྲ་རྒྱ་འདི་ནི་བུད་མེད་རྐྱང་བའི་རྩོམ་པ་པོ་རྣམས་ཀྱི་ཆེད་དུ་ཡིན་པ་དང༌། གཙོ་བོ་བུད་མེད་རྣམས་ཀྱི་བསམ་བློ་བརྗེ་རེས་བྱེད་སའི་སྟེགས་བུ་ཞིག་དང༌། བུད་མེད་རྣམས་ཀྱི་འདས་པའི་བྱུང་བ་དང་ད་ལྟའི་གནས་བབ། མ་འོངས་པའི་ཕུགས་བསམ་བཅས་གསལ་སྟོན་བྱེད་སའི་རང་དབང་གི་སྟེགས་བུ་ཞིག་ཀྱང་ཡིན། དྲ་རྒྱ་འདི་བུད་མེད་རྒན་གཞོན་དང༌། བཙུན་མ། སློབ་ཕྲུག་ཡོངས་ལ་གཏན་དུ་དབང༌།
View my complete profile

དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

འབྲེལ་གཏུགས་ཁ་བྱང་།

mayum2010@gmail.com

Blog Archive

ཟིན་བྲིས་འདིའི་བདག་དབང་ཆ་ཚང་མ་ཡུམ་དྲ་རྒྱ་ལ་ཡོད།. Powered by Blogger.

དཀར་ཆག


༥/༨ ཨ་མའི་དུས་ཆེན་ལ།

བོད་ཀྱི་མ་ཡུམ་ཚོ་གཙོས་པའི་གནམ་འོག་གི་ཨ་མ་ཚང་མར་འཚམས་འདྲི་ཞུ་བ་དང་། ཨ་མ་ཚོའི་མཐའ་མེད་པའི་བྱམས་སེམས་དང་གཏིང་ཟབ་པའི་བརྩེ་བ་ཡིས་འགྲོ་བ་མིའི་རིགས་ཀྱི་རང་བྱུང་ཁམས་ལ་བདེ་སྐྱིད་རྫོགས་ལྡན་ཐོབ་པར་སྨོན་འདུན་ཞུ།

ཁྱིམ་བདག་དང་ཕྲུ་གུའི་བར་གྱི་འབྲེལ་བ་གླེང་བ།
     བསམ་གླིང་ཚེ་རིང་ལྷ་མོ།
ཁྱིམ་ཚང་ནི་སྤྱི་ཚོགས་ཆུང་ཆུང་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད། སྐྱེ་བོ་སུ་འདྲ་ཡིན་རུང་རང་རང་གི་ཁྱིམ་ཚང་འགྲིམ་མ་མྱོང་བ་ཞིག་མེད་ལ་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་ཉེས་གང་འདྲ་ཞིག་ལ་འགྱུར་མིན་དེ་ཡང་སྐྱེ་བོ་མི་རེ་ངོ་རེ་ལ་རག་ལས་ཡོད་པ་ཡིན། དེར་བརྟེན་ཁྱིམ་ཚང་སོ་སོ་ནས་རང་གི་བུ་ཕྲུག་གསོ་སྐྱོང་ཇི་ལྟར་གནང་དགོས་མིན་ནི་དེ་བས་གལ་ཆེའོ། །
   མ་གཞི་དེང་དུས་ཕྲུ་གུ་མང་པོ་རང་ཁྱིམ་དང་ཁ་བྲལ་ནས་ཐག་རིང་གི་སློབ་གྲྭ་ཁག་ཏུ་གཏན་སྡོད་བྱེད་ཀྱི་ཡོད་ཀྱང་ཕྲུ་གུ་དང་ཁྱིམ་བདག་གི་འབྲེལ་བ་ནི་སྒྲ་སྙན་གྱི་རྒྱུད་སྐུད་ལྟར་ཁ་འབྲལ་ཐབས་མེད་པ་ཞིག་རེད། དེ་བཞིན་གཤམ་ལ་ཁྱིམ་ཚང་དང་ཕྲུ་གུའི་བར་ལ་མི་མཐུན་པའི་ཕྱོགས་དང་མཐུན་པའི་ཕྱོགས་གང་ཤེས་ཤིག་འགོད་པར་བྱ། ཁྱིམ་བདག་ཚང་མས་རང་གི་བུ་ཕྲུག་དེ་མིའི་དཀྱིལ་ནས་ཕུལ་དུ་བྱུང་བ་ཞིག་ལ་ཆགས་རྒྱུའི་རེ་བ་བྱེད་མཁན་ཤ་སྟག་ཡིན། ད་དུང་བུ་ཕྲུག་ཚོ་རང་གི་དཔྲལ་བའི་མིག་ལས་རྩ་ཆེ་བ་བྱེད་བཞིན་པ་ནི་ཕལ་ཆེར་མིའི་སྤྱི་ཚོགས་ཙམ་མ་ཡིན་པར་དུད་འགྲོའི་སྤྱི་ཚོགས་ལའང་དེ་ལྟར་འབྲེལ་བ་དེ་གནས་ཡོད། འོན་ཀྱང་བུ་ཕྲུག་གིས་ཕ་མ་རྒས་དུས་གསོ་སྐྱོང་བྱེད་པ་དང་ཕ་མས་ཀྱང་ཕྲུ་གུར་རེ་བ་ཧ་ཅང་ཆེན་པོ་བཅོལ་མཁན་དེ་མིའི་སྤྱི་ཚོགས་མ་གཏོགས་ཧ་ལམ་མེད་ཅེས་བཤད་ཆོག ཁྱིམ་བདག་ཚོས་རང་ཉིད་ཀྱི་ཕྲུ་གུར་རེ་བ་བཅོལ་སྟངས་དང་གསོ་སྐྱོང་བྱེད་སྟངས། སློབ་གསོ་རྒྱག་སྟངས་སོགས་ལས་ཕྲུ་གུའི་འཚར་ལོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། དཔེར་ན། ཁྱིམ་ཚང་ཁ་ཤས་ཀྱི་ཕ་མས་ལས་དོན་ཆེ་ཕྲ་ཅི་འདྲ་ཞིག་ཡིན་རུང་རང་ཐག་རང་གཅོད་བྱེད་པ་ལས་ཕྲུ་གུའི་བསམ་ཚུལ་ལ་དོ་སྣང་སྤུ་ཙམ་ཡང་བྱེད་ཀྱི་མེད། དེ་ནི་ཧ་ཅང་གི་ནོར་འཁྲུལ་ཞིག་རེད། ཕྲུ་གུ་ནི་བསམ་བློ་གསར་པ་དང་རེ་བ་གསར་པ། ཕུགས་བསམ་གསར་པ་ཡོད་མཁན་མང་ཆེ་བ་ཡིན་པས་ཁོང་ཚོའི་བསམ་ཚུལ་ནི་བསྡུ་རིན་ཡོད་པ་ཞིག་རེད། དེ་བཞིན་ཕ་མ་ཁ་ཤས་རྙིང་ཞེན་ཆེ་དྲགས་པ་དང་སྤྱི་ཚོགས་མཐོང་རྒྱ་ཆུང་བ། བསམ་བློའི་རིག་གནས་ལ་དོ་སྣང་མི་བྱེད་པ། ད་དུང་དེང་དུས་ཀྱི་སྤྱི་ཚོགས་ལ་རྒྱུས་ལོན་ཡག་པོ་བྱེད་མི་ཐུབ་པའི་རྐྱེན་གྱིས་ཁྱིམ་ཚང་གི་སྣེ་ཁྲིད་ཚགས་ཚུད་ཅིག་ཡོང་བར་འགོག་རྐྱེན་སྣ་ཚོགས་ཡོད། ཡང་ཕྲུ་གུའི་སེམས་ཁམས་ལ་འང་བརྟག་དཔྱད་བྱེད་རྒྱུ་གལ་ཆེན་པོ་ཡིན་ཏེ། འགའ་རེ་ནི་སྟོང་བསམ་ཤུགས་ཆེ་དྲགས་པ་དང༌། ཡང་འགའ་རེ་ནི་འཛམ་གླིང་དེར་ངོས་འཛིན་ཡག་པོ་ཞིག་བྱེད་མི་ཐུབ་པ། ཉམས་མྱོང་དང་ཤེས་ཚད་ཀྱིས་མི་འདང་བ་མ་ཟད་ཁག་ཅིག་ནི་ད་དུང་ཕྲུ་གུའི་སྣང་བའང་ཡིན་པས། ཁོང་ཚོས་གང་བཤད་རེད་ཅེས་ཀྱང་བརྗོད་ཐབས་མེད། འོན་ཀྱང་གང་ལྟར་ཁྱིམ་ཚང་གི་ལས་དོན་ཆེ་ཕྲ་ཆུང་གསུམ་ལ་ཕྲུ་གུ་དང་བློ་བསྡུར་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན། ཕྲུ་གུའི་བསམ་བློའི་གོ་རྟོགས་དེ་བེད་སྤྱོད་ནང་མཉམ་ཞུགས་བྱེད་ཐུབ་ན་ཕྲུ་གུ་དེ་ཆེན་པོ་ཆགས་རྗེས། རང་ཉིད་ཀྱི་བསམ་ཚུལ་སྤྱི་ཚོགས་སྟེང་འདོན་ཐུབ་མཁན་ཞིག་དང༌། སྤྱི་སྒེར་གྱི་ལས་དོན་ལ་འགན་འཁྱེར་ཐུབ་མཁན་ཞིག་ཆགས་རྒྱུར་ཕན་ཐོགས་ཡོང་ཐུབ། ཡང་ཕ་མ་ཁག་ཅིག་གིས་རྒྱུན་ལྡན་དུ་ཕྲུ་གུ་དང་ཅི་གྲོས་མིན་གྲོས་ཤོད་རྒྱུ་ཧ་ཅང་ཉུང་ཉུང་ཡིན། དེར་བརྟེན་ཕ་མའི་བསམ་ཚུལ་ཕྲུ་གུས་མི་རྟོགས་པ་དང་ཕྲུ་གུའི་བསམ་ཚུལ་ཕ་མས་ཤེས་པར་དཀའ། དེས་ཕྲུ་གུའི་མདུན་ལམ་ལའང་ཤུགས་རྐྱེན་ཐེབས་པ་མ་ཟད། ཁྱིམ་ཚང་གི་ལས་དོན་ནང་བསམ་ཚུལ་ཆ་ཚང་འདོན་མི་ཐུབ་པ་དང༌། བཤད་མི་ཤེས་པའི་དཀའ་ངལ་གྱིས་གལ་ཆེའི་དོན་གནད་འཆུགས་པའི་གནས་ཚུལ་ཡང་སེ་འཕྲད་སྲིད། འཛམ་གླིང་འདིའི་ནང་གནའ་དུས་ནས་དར་བའི་ལུགས་སྲོལ་འགའ་རེའི་ནང༌། བུད་མེད་དང་ཕྲུ་གུའི་ངག་ལ་ཆ་འཇོག་བྱེད་མཁན་མེད་པ་ཡང་མང༌། འོན་ཀྱང་དེང་དུས་ཤེས་དཔལ་ཡར་རྒྱས་འགྲོ་བཞིན་པའི་དུས་རབས་ནང་གནས་ཚུལ་དེ་དག་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་བྱུང་ཡོད། ད་དུང་ཞུ་དགོས་པའི་གནད་དོན་གཅིག་ནི་ཁྱིམ་བདག་ཁ་ཤས་ཀྱིས། རང་ཉིད་ལ་ཡོད་པའི་འཐེན་འཁྱེར་གྱི་འགོས་ནད་དེ་དག་བློ་གསར་བྱིས་པ་རྣམས་ལ་བགོ་བཞིན་ཡོད་པ་དང༌། བློ་གསར་བྱིས་པའི་ཡར་ཐོན་གྱི་ལྟ་བ་གསར་པ་དག་ཀྱང་གཉོམ་ཆུང་ནུས་མེད་དུ་གཏོང་གི་ཡོད། གནད་དོན་གལ་ཆེ་ཤོས་ཤིག་ནི་ཕྲུ་གུའི་སློབ་གྲྭའི་འཚོ་བའི་ཐོག་ནས་ཡིན། ཕྲུ་གུ་ཁ་ཤས་ཡིག་ཚད་མ་ལོན་ནས་ནང་དུ་ལོག་དགོས་འབྱུང་གི་ཡོད་པས། སྐབས་དེ་དུས་ཁྱིམ་བདག་གིས་ཕྲུ་གུའི་སེམས་ཁམས་ལ་ཕོག་ཐུག་བཏང་ནས་ཁྱེད་ལས་སྡུག་པ་མི་འདུག ཁྱེད་ལ་འགྲོ་སོང་བཏང་ཡོད། ཁྱེད་ཀྱིས་མི་འཇོན་ཚུལ་སོགས་རྐྱང་རྐྱང་བཤད་ནས་ཕྲུ་གུའི་སེམས་ཁམས་གུ་དོག་ཏུ་གཏོང་བར་བྱེད། དོན་དངོས་ཐོག་དེང་དུས་སློབ་གྲྭ་ཁག་འདྲ་མིན་ཡོད་པས། ནོར་འཕྲུལ་ཚང་མ་ཕྲུ་གུ་མ་ཡིན་པ་སྨོས་མེད་རེད། ཕྲུ་གུ་ཁ་ཤས་ཀྱིས་རང་ཉིད་སློབ་གྲྭ་དེར་འགྲོ་གི་མིན་སློབ་གྲྭ་བརྗེ་བོ་རྒྱག་རོགས་ཞེས་ཕ་མ་ལ་ཞུ་བ་འཐེན་པ་དང༌། ངུས་པ་སོགས་བྱས་ཀྱང་ཕྲུ་གུའི་དཀའ་ངལ་ལ་འདྲི་ཙམ་དང༌། རྟོགས་ཞིབ་ཙམ་ཡང་མི་བྱེད་པར་ཕྲུ་གུ་དེ་བསམ་བློ་གཏོང་མི་ཤེས་མཁན་དང༌། ཕྲུ་གུའི་སྣང་བ་ཁོ་ན་ཡིན་པར་ངོས་འཛིན་གནང་གི་འདུག ཕ་མ་ཚོས་ཐོག་མ་ནས་ཕྲུ་གུའི་སྦྱང་འབྲས་ལ་དོ་སྣང་བྱེད་དགོས་པ་དང༌། སློབ་གྲྭ་བརྗེ་བོ་རྒྱག་པའི་དགོས་མཁོ་ཡོད་ན་བརྗེ་པོ་རྒྱག་རྒྱུ་ལས་ལྷག་མེད། ཐབས་ཤེས་གང་དྲག་བཏང་པའི་རྗེས་སུ་གཞི་ནས་ཕྲུ་གུ་དེ་ཡིག་རྩིས་སློབ་གྲྭ་དང་ཁ་བྲལ་ཡང༌། ཕྲུ་གུའི་ཁྱད་ཆོས་ལ་གཞིག་པའི་མདུན་ལམ་འདེམས་ཕྱོགས་ཐད་རྒྱབ་སྐྱོར་གནང་དགོས། དེ་ལྟར་ཁྱིམ་བདག་གི་རྒྱབ་སྐྱོར་ལ་བརྟེན་ནས་ཕྲུ་གུ་དེས་བྱ་བཞག་གཞན་གྱི་ཐོག་ནས་སྤྱི་ཚོགས་ལ་ཞབས་འདེགས་དང༌། རང་ཉིད་ལ་མདུན་ལམ་བཟང་པོ་ཡོང་བར་ཐབས་བརྒྱ་ཇུས་སྟོང་གནང་དགོས་པ་ལས་ལྐུགས་པ་ཨུ་ཚུགས་དང༌། འ་ཆད་འུ་ཐུག་གིས་གཏན་ནས་འཇོག་མི་ཉན། ཐག་རིང་གི་སློབ་གྲྭའི་ནང་འཚོ་བ་སྐྱེལ་བཞིན་པའི་ཕྲུ་གུ་ཚོར་ཁྱིམ་བདག་མང་པོ་ཞིག་ནས་རྒྱབ་སྐྱོར་འཐུས་ཚང་ཞིག་རྩ་བ་ནས་གནང་གི་མེད། དཔེར་ན། ༡ཕྲུ་གུར་སློབ་སྦྱོང་ཐོག་སྐད་ཆ་མི་འདྲི་བ། ༢སློབ་གྲྭའི་འབྲེལ་ཡོད་དགེ་རྒན་ལས་བྱེད་ལ་བཀའ་འདྲི་མི་ཞུ་བ། ༣ལོ་མང་རིང་ཕྲུ་གུ་ཐུག་འཕྲད་དུ་མི་ཡོང་བ། དཔལ་འབྱོར་སོགས་དཀའ་ངལ་གྱིས་སླེབས་མི་ཐུབ་པ་ཡང་ཡོད།༽ ༤ཕྲུ་གུར་དཀའ་ངལ་ཡོད་པ་ཤེས་ཀྱང་ཐབས་ཤེས་གང་ཡང་མི་བྱེད་པ། ཕ་མ་རང་ཉིད་ནས་གང་ཡང་བྱེད་མི་ཐུབ་པ་སོགས་ཚུད་ཡོད། ༽ ༥ཁྱིམ་བདག་ཁ་ཤས་ནས་ཕྲུ་གུར་ལག་དངུལ་བག་མེད་ལོངས་སྤྱོད་བྱེད་དུ་འཇུག་པ། ༦སློབ་གྲྭའི་ནང་རྒྱས་སྤྲོས་ཀྱི་འཚོ་བ་སྐྱེལ་བ་ལས་སློབ་སྦྱོང་ལ་དོ་སྣང་བྱེད་རིན་མེད་པར་འགྱུར་བ་སོགས་ཡོད། ལོ་ཆུང་བྱིས་པའམ་སློབ་ཕྲུག་ནི་འབྱུང་འགྱུར་གྱི་རེ་བ་དང༌། རྒྱལ་ཁབ་ཀྱི་བདག་པོ། སྤྱི་པའི་རྒྱུ་ནོར་ཞིག་རེད་ཞེས་བརྗོད་ཆོག མ་གཞི་ཤེས་ཡོན་གྱི་འཛིན་སྐྱོང་དང༌། འབྲེལ་ཡོད་ལས་བྱེད་ཀྱི་དགེ་སྐྱོན་ནི་ཁ་འབྲལ་ཐབས་ཤིག་མེད་ཀྱང་ཤོག་ངོས་འདིར་བསྟན་བྱ་ནི་ཁྱིམ་བདག་དང་ཕྲུ་གུའི་བར་གྱི་འབྲེལ་བ་གཙོར་སྟོན་ཞུས་ཡོད། དེ་ལྟར་ཁྱིམ་བདག་ནས་ཕྲུ་གུ་ལ་རྒྱབ་སྐྱོར་དང༌། དངོས་ཤུགས་བརྒྱུད་གསུམ་གྱི་འབྲེལ་བ་བཟང་པོ་ཞིག་ལ་བརྟེན་ནས་ཕྲུ་གུའི་མི་ཚེ་དེ་དོན་སྙིང་ལྡན་པ་ཞིག་ཡོང་རྒྱུར་ཐབས་བརྒྱ་ཇུས་སྟོང་གནང་དགོས་པ་ནི་དོན་གྱི་དམ་པ་ཞིག་གོ།

མ་ཡུམ་དྲ་ཚིགས་ཀྱི་འཁྲུངས་སྐར་ལ་ཕུལ་བ། ཀླུ་སྨྱོན་ཧེ་རུ་ཀ

རང་བྱུང་ཁམས་ཆེན་པོ་ལྟ་བུའི་མ་ཡུམ་ཚོའི། ནམ་མཁའ་ལྟ་བུའི་བྱམས་བརྩེ་དང་། ས་གཞི་ལྟ་བུའི་ཕྱག་ཟུང་། རྒྱ་མཚོ་ལྟ་བུའི་སྤྱན་ཆབ་ཀྱིས་ཆེ་རུ་གསོས་པའི་ང་ཚོས། རང་གི་མ་ཡུམ་དག་ལ་དྲིན་ལན་ཅི་ཞིག་འཇལ་ཡོད། རང་གི་མ་ཡུམ་དག་གི་དྲིན་ལན་ཇི་ལྟར་འཇལ་རྩིས་ཡོད། ཀྱེ། བདག་གི་སྙིང་ཉེ་བའི་གྲོགས་པོ་དག

མ་ཡུམ་དྲ་བའི་དབུ་འབྱེད་ལ་བཅོས་མིན་སྙིང་ནས་རྟེན་འབྲེལ་ཞུ། ལྷ་ཆབ་སྦྱིན་པས།

རང་རེའི་བཙན་བྱོལ་སྤྱི་ཚོགས་འདི་འཁྲུག་ཆ་དོད་དུ་ཕྱིན་པ་དང་མཉམ་དུ་གཞུང་སྒེར་སྣ་ཚོགས་ཀྱི་རྩོམ་རིག་གི་དྲ་བ་སོགས་ཀྱང་དེ་བཞིན་དུ་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་འོང་གི་འདུག འདས་པའི་ལོ་གཅིག་གི་ནང་ཚུན་ལ་ཡང་རྣམ་པ་མི་འདྲ་བའི་དྲ་བ་ཁག་དུ་མ་ཞིག་བྱུང་བའི་ཁྲོད་ཐད་ཀར་སྤྱི་ཚོགས་ལ་ཤུགས་རྐྱེན་ཡོད་པ་ཞིག་ཅི་བས་དཀོན་ནའང་། དེ་རིང་རྒྱལ་སྤྱིའི་སྐད་ཡིག་གི་ཉིན་མོར་སྟབས་བསྟུན་ནས་༼མ་ཡུམ༽ཞེས་པའི་དྲ་བ་འདི་བོད་རིགས་བུད་མེད་རྣམས་ལ་ཆེད་དུ་དམིགས་ནས་དབུ་འབྱེད་བྱས་པར་བཅོས་མིན་སྙིང་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ཏུ། མ་འོངས་པར་འདི་དང་འདི་བརྒྱུད་ནས་བོད་རིགས་བུད་མེད་རྣམས་ཀྱིས་འདས་པའི་མེས་པོའི་སྲོལ་རྒྱུན་ལས་རང་གི་རིགས་ལ་དམའ་འབེབ་དང་མཐོང་ཆུང་ཅི་བྱས་ཀྱི་ཉམས་མྱོང་ལ་བརྟེན་ནས། གསར་གཏོད་དང་སྒྱུ་རྩལ། དམིགས་འབེན་ཡོད་པ་ཞིག་གི་ལམ་ཁ་སྙེག་ཐུབ་པའི་བཀྲ་ཤིས་བདེ་ལེགས་ཞུ།

མ༵་ཡུམ༵་དྲ་རྒྱ་ལ་ཕུལ་བའི་ཤིས་ཚིག་དང་འབོད་སྐུལ། དགེ་བཤེས་བེ་རི་འཇིགས་མེད།

མ༵་ཡུམ༵་གངས་ཅན་གྱི་ཞིང་ཁམས།། མ༵་རབས་རྒྱ་དམར་གྱིས་འཕྲོགས་ཀྱང་།། མ༵་འཁྱོགས་དྲང་ཐིག་གི་རི་མོ།། མ༵་ཆད་དྲ་ཐོག་ནས་གསལ་འོང་།། མ༵་ལོའི་འོ་མ༵་ཡིས་གསོས་པའི།། མ༵་སྤུན་བོད་རིགས་ཀྱི་མི་དམངས།། མ༵་བཅོས་སེམས་ཁམས་ཀྱི་རི་མོ།། མ༵་སྦས་དྲ་ཐོག་ལ་ཁོད་དང་།།

རྒན་བསོད་ནམས་རྒྱལ་མཚན་གྱིས་མ་ཡུམ་དྲ་ཚིགས་ལ་གནང་བའི་ཤིས་ཚིག

རྟེན་འབྲེལ་ཞུ། སེམས་ཁུང་གི་ཀུན་རྟོགས་ཀྱི་འདབ་མ་རེ་རེ། མཁའ་དབྱིངས་སུ་རྩེན་པའི་ཆུ་འཛིན་གཞོན་ནུ་དང་བསྡེབས་ནས། མཐའ་ཡས་པའི་བློ་གསར་པ་མང་པོ་ཞིག་གི་འདབ་མ་གྲོལ་བའི་སྨོན་འདུན་ཞུ།

ཨ་འཇམ་གྱིས་མ་ཡུམ་དྲ་བར་གནང་བའི་ཤིས་ཚིག

མ་ཡུམ་ནི་མིའི་རིགས་ཀྱི་གཙང་བོའི་འགོ་ཁུངས་ཤིག མ་ཡུམ་ནི་བྱམས་བརྩེའི་རྨང་གཞི་འདིང་མཁན་གྱི་ཞི་བདེའི་ནམ་མཁའ་ཞིག མ་ཡུམ་ནི་འཚོ་བའི་བར་སྣང་ཕྱེ་བའི་སྐྱ་རེངས་ཀྱི་སྒོ་གླགས་ཤིག འདི་ལྟར་མ་ཡུམ་ནི་འཚོ་གནས་ཀྱི་ཁོར་ཡུག་ནས་མེད་དུ་མི་རུང་བའི་མ་ཡུམ་ཞིག་སྟེ། འདི་ལྟར་མ་ཡུམ་གྱི་དྲ་རྒྱ་དབུ་བརྙེས་པ་ཡང་སྤྲོ་སེམས་ཁོལ་བའི་ངང་རྟེན་འབྲེལ་ཞུ། ༢༠༡༡ ༢ ༢༣ ལ་གོང་ས་ཏཱ་ལའི་བླ་མ་མཐོ་སློབ་ནས་ཨ་འཇམ་གྱིས།

མ་ཡུམ་དྲ་ཚིགས་ཀྱི་སྐྱེས་སྐར་ལ་ཕུལ་བའི་ཤིས་ཚིག གཟུངས་ཕྱུག་སྐྱིད།

རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་དག་སྣང་གིས་བཞེངས་ནས།། ཡུམ་ཆེན་བྲག་གི་སྲིན་མོའི་རྣམ་ཐར་ནས་བརྩམས་ཏེ།། མ་གཅིག་ལབ་ཀྱི་སྒྲོན་མའི་མཛད་རིམ་ལ་གཞིགས་ཚེ།། སྐྱེད་ཡུམ་ལྷ་མོའི་ཚོགས་ཀྱི་རྟོགས་བརྗོད་དེ་མཚར་ཨང་།། འབྲོ་བཟའ་ཁྲི་མ་ལོད་ཀྱི་དཔའ་མཛངས་དེ་བཙལ་ནས།། བཙན་མོ་སད་མ་ཀར་གྱི་བློ་བཀོད་ལ་བསྔགས་བཞིན།། ཚེ་སྤོང་མེ་ཏོག་བཟའ་ཡི་མཁྲེགས་འཛིན་ལ་བསམ་ན།། ན་རིམ་བཙུན་མོའི་ཚོགས་ཀྱི་ལོ་རྒྱུས་དེ་བརྗིད་ཨང་།། མྱང་ཚ་དཀར་རྒྱན་ཁྲོས་པའི་བློ་སྤོབས་ལ་དཔྱད་ཀྱིན།། ཨ་ཅེ་སྣང་ས་སྐྱོ་བའི་ངེས་འབྱུང་ལ་བརྟག་ནས།། གླིང་བཟའ་སེང་ལྕམ་འབྲུག་མོའི་སྐྱེས་འབྲས་ལ་བལྟས་ན།། གངས་ཅན་མ་ཡུམ་དག་གི་བཞུད་ལམ་འདི་རྨད་ཨང་།། བྱམས་བརྩེའི་དྲིན་གྱིས་བསྐྱངས་པའི་མ་རྒན་ནས་བརྩིས་ཏེ།། དགའ་བའི་འཛུམ་གྱིས་བསུ་མཁས་སྨན་ཤར་གྱི་གྲོགས་མོ།། འཇིག་རྟེན་བདེ་ལྡན་ཞིང་གི་ཁྱིམ་གཞིས་ལ་དཔག་ཚེ།། བདེ་སྦྱིན་མ་ཡུམ་ཚོགས་ཀྱི་དུངས་པ་དེ་འཕགས་ཨང་།། ད་ཡང་འཇིག་རྟེན་མི་ཡི་གྲལ་འགོ་ནས་ལངས་ཏེ།། ཤར་ནུབ་འཛམ་གླིང་ཟླུམ་པོའི་དཀྱིལ་དབུས་སུ་ཕེབས་ནས།། ༼མ་ཡུམ་དྲ་ཚིགས༽སྒེག་མོ་ལྷུག་ལྷུག་ཏུ་དགད་ཚེ།། ཕྱོགས་ཀྱི་མགྲོན་པོའི་ངག་གི་རམ་འདེགས་འདི་མཛེས་ཨང་།། ཞེས་པ་འདི་གསར་དུ་སྒོ་འབྱེད་གནང་བའི་མ་ཡུམ་དྲ་ཚིགས་ཀྱི་སྐྱེས་སྐར་ལ་བཀྲ་ཤིས་ཁ་བཏགས་ཤིག་གི་ཚུལ་དུ་གཟུངས་ཕྱུག་སྐྱིད་ཀྱིས་སྤྱི་ལོ་༢༠༡༡ལོའི་ཟླ་༢པའི་ཚེས་༢༡ཉིན་རྡ་རམ་ས་ལར་བྲིས།

མ་ཡུམ་དྲ་ཚིགས་ལ་ཕུལ་བའི་ཤིས་ཚིག་བཀྲ་ཤིས་འཁོར་ལོ་མ། ཐོར་རྒོད་པ་སྤྱན་ཆབ།

  ཁྱོད་ཀྱིས་གསུངས་པའི་རྨི་ལམ་དྭངས་མོ་གཅིག། ང་ལ་ཡོད་པའི་དམིགས་ཀྱི་རི་མོ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་ཚིག་གི་ལྷ་ཡིས་ངེད་གཉིས་སྲུངས།།  ཁྱོད་ཀྱིས་བསྙལ་བའི་ལོ་ཆང་བསིལ་མ་གཅིག། ང་ཡིས་འདོད་པའི་བཟི་ཁ་བཙན་པོ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་བདུད་རྩི་མཆོད་པའི་ངེད་གཉིས་བསྟོད།།  ཁྱོད་ཀྱིས་བོར་པའི་ཞེ་མདང་མདུད་པ་གཅིག། ང་ལ་མངའ་བའི་མགུལ་ལེ་དྲོན་མོ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་རྫས་ཀྱི་ཐག་པས་ངེད་གཉིས་ཆོངས།།  ཕྱི་ན་བཀྲ་ཤིས་འཛུམ་ཀྱི་མངར་ཁ་གཅིག། ནང་ན་བཀྲ་ཤིས་ཕན་པའི་དྲོད་ཁོལ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བོད་ཀྱི་མ་ཡུམ་དྲ་ཚིགས་ཁྲི་ལོར་ཤོག

ཐུགས་རྗེ་ཆེ་ཞུ།

ཁེ་ན་ཌ་གནས་བཞུགས་དྲ་རྒྱ་སྒྲིག་སྦྱོར་ཆེད་མཁས་པ་བསོད་ནམས་འོད་ཟེར་ལགས་ཀྱིས་ལྷག་བསམ་རྣམ་དག་གིས་ང་ཚོར་དྲ་བའི་མཐུན་རྐྱེན་དང་། དྲ་ཚིགས་སྒྲིག་སྦྱོར་ཐོག་ལམ་སྟོན་རོགས་རམ་གནང་བ་བཅས་ལ་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ། མ་ཡུམ་རྩོམ་སྒྲིག་པས།