བོད་ཡིག་དྲ་འབྲེལ།
མ་ཡུམ་རྩོམ་སྒྲིག་པ།
སློབ་སྟོན་པ། རྒྱལ་རོང་ཐུབ་བསྟན་ཆོས་སྒྲོན།
སྤྱི་ཁྱབ་རྩོམ་སྒྲིག་པ། མེ་འོད།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་འཚོ། ཚེ་རིང་ཆོས་སྒྲོན།
རྩོམ་སྒྲིག་པ། འབྲོང་དར་རྒྱས། བྱ་སྨྱོན་པ།
འབྲེལ་མཐུད་པ། རྒྱལ་རོང་པདྨ།
སྤྱི་ཁྱབ་རྩོམ་སྒྲིག་པ། མེ་འོད།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་འཚོ། ཚེ་རིང་ཆོས་སྒྲོན།
རྩོམ་སྒྲིག་པ། འབྲོང་དར་རྒྱས། བྱ་སྨྱོན་པ།
འབྲེལ་མཐུད་པ། རྒྱལ་རོང་པདྨ།
དྲ་ངོས་ཀློག་གྲངས།
About Me
- མ་ཡུམ།
- མ་ཡུམ་ཞེས་པའི་དྲ་རྒྱ་འདི་ནི་བུད་མེད་རྐྱང་བའི་རྩོམ་པ་པོ་རྣམས་ཀྱི་ཆེད་དུ་ཡིན་པ་དང༌། གཙོ་བོ་བུད་མེད་རྣམས་ཀྱི་བསམ་བློ་བརྗེ་རེས་བྱེད་སའི་སྟེགས་བུ་ཞིག་དང༌། བུད་མེད་རྣམས་ཀྱི་འདས་པའི་བྱུང་བ་དང་ད་ལྟའི་གནས་བབ། མ་འོངས་པའི་ཕུགས་བསམ་བཅས་གསལ་སྟོན་བྱེད་སའི་རང་དབང་གི་སྟེགས་བུ་ཞིག་ཀྱང་ཡིན། དྲ་རྒྱ་འདི་བུད་མེད་རྒན་གཞོན་དང༌། བཙུན་མ། སློབ་ཕྲུག་ཡོངས་ལ་གཏན་དུ་དབང༌།
འབྲེལ་གཏུགས་ཁ་བྱང་།
mayum2010@gmail.com
Blog Archive
དམིགས་བསལ་ལེ་ཚན།
ཟིན་བྲིས་འདིའི་བདག་དབང་ཆ་ཚང་མ་ཡུམ་དྲ་རྒྱ་ལ་ཡོད།. Powered by Blogger.
རྩོམ་ཡིག་གསར་ཤོས་བཅུ།
- བུ་མོའི་སྙིང་རྗེ་པོའི་བསམ་སྦྱོར་གཏམ་གསུམ།
- ༤།༡༤་རྗེས་དྲན།
- སྦེལ་ཀོབ་ནས་རྙེད་པའི་སྙན་ངག
- ཕྲུ་གུ་བརྒྱད་མཉམ་གཅིག་ཏུ་སྐྱེས་པའི་ཨ་མ།
- འཛམ་གླིང་སྟེང་གི་ཆེས་ལོ་ན་མཐོ་བའི་བོད་ཡིག་གསར་སློབ་པ།
- བྱམས་བུད་མེད་རྩོམ་རིག་བྱ་དགའ།
- འདི་ནི་མ་ཡུམ་ཚོས་ནམ་རྒྱུན་མྱོང་བཞིན་པའི་བརྙས་བཅོས་ཤིག་རེད།
- མ་ཅིག་ལབ་སྒྲོན།
- བཟའ་ཚང་བར་ཕན་ཚུན་བསམ་ཤེས་བྱེད་ཀྱི་ཡོད།
- བུད་མེད།
༥/༨ ཨ་མའི་དུས་ཆེན་ལ།
བོད་ཀྱི་མ་ཡུམ་ཚོ་གཙོས་པའི་གནམ་འོག་གི་ཨ་མ་ཚང་མར་འཚམས་འདྲི་ཞུ་བ་དང་། ཨ་མ་ཚོའི་མཐའ་མེད་པའི་བྱམས་སེམས་དང་གཏིང་ཟབ་པའི་བརྩེ་བ་ཡིས་འགྲོ་བ་མིའི་རིགས་ཀྱི་རང་བྱུང་ཁམས་ལ་བདེ་སྐྱིད་རྫོགས་ལྡན་ཐོབ་པར་སྨོན་འདུན་ཞུ།
སྤྱི་ཚོགས་རྙིང་པའི་ལྟ་བའི་འོག་ཏུ་མགོ་བོ་སྒུར་ནས་མི་འདུག
རང་ངོ་རང་གིས་མ་ཤེས་བ་དང་རང་འགན་རང་གིས་མ་ཁུར་བ་རེད།
དྲི་བ་དང་པོ། ཁྱེད་ཀྱིས་རང་ཉིད་ངོ་སྤྲོད་དང་འབྲེལ་ས་མཐའི་ཚོར་སྣང་ཞིག་བརྗོད་ན་ཨེ་འགྲིག་གི།
ལན། ངའི་མིང་ལ་ཀླུ་མཚོ་སྐྱིད་ཟེར་ཞིང༌། པུར་མིང་ལ་སྐར་འོད་ཟེར། སྤྱི་ལོ་༡༩༨༨ལོར་མདོ་སྨད་རེབ་གོང་སྒོ་དམར སྡེ་བར་སྐྱེས། ལོ་དྲུག་ནས་རང་སྡེའི་སློབ་ཆུང་དུ་ཞུགས། ལོ་རིམ་དྲུག་པ་མཐར་ཕྱིན་རྗེས་རང་ཁྱིམ་གྱི་ཆ་རྐྱེན་ཞན་པས་མུ་མཐུད་སློབ་གྲྭ་འགྲིམ་པའི་སྐལ་བ་མ་ལྡན་ད། ལོ་ཤས་རིང་ཞིང་ལས་དང་ཞོར་ལས་བྱས་ཏེ་ཁྱིམ་ནས་བསྡད་པ་ཡིན། སྤྱི་ལོ་༢༠༠༧ལོར་རྒྱ་གར་དུ་ཡོང་ནས་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཞུགས་ནས་ལོ་གསུམ་ལྷག་ལ་བོད་དབྱིན་གཉིས་ལ་སློབ་སྦྱོང་བྱས། ད་ལྟ་ནོར་གླིང་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དུ་བོད་རྒྱ་དབྱིན་གསུམ་ལ་སློབ་གཉེར་བྱེད་མུས་ཡིན། རེད་ཡ། ད་ས་མཐའི་ཚོར་སྣང་ཟེར་ན་ཡང་འདི་འདྲ་ཞིག་རེད། ས་སྤར་མོ་གང་གི་དབང་ཆ་མེད་ས་ནས་རང་ཁྱིམ་ཞེས་འགྲོ་ས་ཞིག་དང་ཕ་མ་ཞེས་བརྟེན་ས་ཞིག ད་དུང་སྤུན་མཆེད་དམ་གཉེན་ཉེ་ཞེས་ལྟ་ས་ཞིག་མེད་པས་ལན་རེར་དྲན་གདུང་གི་མིག་ཆུ་བཏང་མྱོང་ལ། མཚམས་རེར་སྐྱོ་སྣང་དང་ན་ཟུག་གི་འཁུན་སྒྲ་ཡང་སྒྲོག་མྱོང༌། འོན་ཀྱང་བསམ་བློ་ཞིབ་མོ་རེ་བཏང་དུས་སྐྱོ་སྣང་ན་ཟུག་མྱོང་མཁན་ང་གཅིག་བུ་ཙམ་མ་ཡིན་པར་བོད་མི་ས་ཡ་དྲུག་གི་སྐྱོ་སྣང་དང་ན་ཟུག་ཏུ་གྱུར་ཡོད་ལ། ལྷག་པར་དུ་མི་རིགས་ཤིག་དང་ལོ་རྒྱུས་ཤིག་གི་སྐྱོ་སྣང་དང་ན་ཟུག་ཆགས་ཡོད་པས། ངས་རང་ཉིད་ལ་སེམས་གསོ་བྱེད་བཞིན་ཡོད་ལ། དཀའ་ངལ་ཡོད་ཚད་ལ་གདོང་གཏོད་ཕོད་པའི་སྤོབས་པ་སྐྱེད་བཞིན་འདི་ལྟར་རྒྱང་བཞུད་ཐེངས་གཅིག་བྱས་པ་ཡང་མི་ཚེའི་ཉམས་མྱོང་གལ་ཆེན་ཞིག་ཏུ་བསམ་བཞིན་ཡོད།
དྲི་བ་གཉིས་པ། ཁྱེད་ཀྱི་སྙན་ངག་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་ཀི། འབྲི་རྩལ་དེ་མེ་ལོང་མ་སྦྱོང་བརྡར་བྱས་པ་ལས་ཐོབ་པ་ཡིན་ནམ། ཡང་ན་དམངས་ཁྲོད་རྩོམ་རིག་གི་ཤུགས་རྐྱེན་ལས་ཐོབ་པ་ཡིན།
ལན། འོ་རེད། ངས་ནམ་རྒྱུན་སྙན་ངག་ཐར་ཐོར་རེ་འབྲི་བཞིན་པ་འདི་དག་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་མེད་མི་ཤེས་མོད། འོན་ཀྱང་ངའི་སྙན་ངག་ཕལ་ཆེར་དམངས་ཁྲོད་རྩོམ་རིག་གིས་ཤུགས་རྐྱེན་ཐེབས་ནི་ལོས་ཡིན་སྙམ། རྒྱུ་མཚན་ང་རང་དམངས་ཁྲོད་རྩོམ་རིག་ཆེས་ཆེར་དར་སའི་ས་ཆ་ཞིག་ནས་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཁྲོད་རྩོམ་རིག་དེ་དག་གིས་ངའི་ལུས་ངག་ཡིད་གསུམ་ལ་བག་ཆགས་ཟབ་མོ་བཞག་ཡོད་པས་ང་དམངས་ཁྲོད་རྩོམ་རིག་ལ་དགའ་བ་དང་དུང་བ་ཟབ་མོ་ཡོད། ལྷག་པར་དམངས་ཁྲོད་རྩོམ་རིག་ནི་རིག་གནས་གཞན་གྱིས་ཤུགས་རྐྱེན་སྤུ་ཙམ་ཡང་ཐེབས་མེད་པར་མར་དྲི་དང་རྩམ་དྲི་འཐུལ་བའི་རང་གི་རིག་གཞུང་དག་མ་ཞིག་ཡིན་ལ། དེའི་ལོ་རྒྱུས་ཀྱི་བཞུར་རྒྱུན་ཁྲོད་དུ་བོད་མི་རིགས་ཀྱི་འཚོ་བའི་བདེ་སྡུག་དང་བསམ་པའི་འདུ་ཤེས། མཛེས་དཔྱོད་ཀྱི་ལྟ་བ། ལོ་རྒྱུས་ཀྱི་དར་རྒུད་ཡོད་ཚད་འདུས་ཡོད་པས་ན་ངས་ཀྱང་དེ་ལ་དགའ་ཞེན་དང་བཅས་ཞིབ་འཇུག་བྱེད་བཞིན་ཡོད།
དྲི་བ་གསུམ་པ། ཁྱེད་རང་མཐོ་རིམ་སློབ་མ་ཞིག་ཡིན་པའི་ངོས་ནས། ༼རང་ངོ་རང་ཤེས། རང་འགན་རང་ཁུར༽ཞེས་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་ལྔ་བའི་རྩོམ་ཡིག་ཕྱོགས་བསྒྲིགས་དཔེ་དེབ་དེ་ལ་ལྟ་ཚུལ་ག་རེ་ཡོད།
ལན། སྤྱིར་ང་རང་ཚོ་མཐོ་རིམ་སློབ་མ་ཞིག་གམ་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་ཞིག་ཡིན་པའི་ཆ་ནས་ས་ཕྱོགས་གང་སར་གནས་པའི་བོད་ཀྱི་མཐོ་རིམ་སློབ་མ་རྣམས་མཉམ་དུ་འཛོམས་ཏེ་བསམ་ཚུལ་བརྗེ་རེས་དང་ཉམས་མྱོང་བཤད་རེས་མ་ཟད་རྩོམ་ཡིག་འགྲན་བསྡུར་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་ཏེ་ཤེས་ཡོན་གྱི་གནས་ཚད་མཐོར་འདེགས་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་ང་ཚོས་རྩོམ་ཡིག་ཅིག་འབྲི་ན་ཡང་གཞུང་དང་ཚོགས་པ། ཡང་ན་སྐྱིད་སྡུག་ཚོགས་པ་གང་རུང་ལ་ཚོད་ཚོད་དུ་སྐྱོན་བརྗོད་བྱེད་པ་ཙམ་ཡིན་པར་དྲང་བདེན་དང་གནས་ལུགས་ལྡན་པ། ཁེར་ཚུགས་དང་སྤོབས་པ་ལྡན་པའི་སྒོ་ནས་རྩོམ་ཡིག་སྤུས་དག་རེ་བྲིས་ནས་ད་གཟོད་རང་གཞན་གཉིས་ཀར་ཕན་ཐོགས་ཀྱི་རེད་བསམ་ཀི། ད་ཐེངས་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ལྔ་བའི་སྐབས་རྩོམ་ཡིག་ཕྱོགས་བསྒྲིགས་བྱས་བའི་དེབ་༼རང་ངོ་རང་ཤེས། རང་འགན་རང་ཁུར་༽ཞེས་པ་འདི་ལས་སྐྱོན་ཆ་མི་ཉུང་བ་ཞིག་མཐོང་བྱུང༌། སྤྱིར་དེབ་འདིའི་ཁ་བྱང་ལ་༼རང་ངོ་རང་ཤེས། རང་འགན་རང་ཁུར་༽ཞེས་མིང་རྫིག་པོ་ཞིག་བཏགས་འདུག་མོད། འོན་ཀྱང་ནང་ལོགས་ལ་ཞིབ་ལྟ་བྱས་དུས་དེའི་ནང་གི་རྩོམ་ཡིག་གི་སྤུས་ཀ་ཇི་ལྟར་ཡང༌། ཡིག་ནོར་མང་པོ་ཞིག་འཕྲོ་རིམ་འཕྲོར་རིག་གི་འདུག་པས་རྩོམ་པ་པོ་ཡིན་ན་འདྲ། ལྷག་པར་རྩོམ་སྒྲིག་པ་དང་ཞུ་དག་པ་ཡིན་ན་འདྲ་ཚང་མས་རང་ངོ་རང་གིས་མ་ཤེས་བ་དང་རང་འགན་རང་གིས་མ་ཁུར་བ་རེད་བསམ། གལ་སྲིད་རང་ངོ་རང་གིས་ཤེས་ན་རང་གི་སྐད་ཡིག་འདི་ཆ་མ་ཡ་བརྡེབ་ཏུ་གཏོང་སྲིད་དམ། ང་ཚོས་རང་ཉིད་ནས་འགོ་བརྩམས་ཏེ་རང་གི་ནོར་འཁྲུལ་དག་ལ་གཤག་བཅོས་རེ་གཏོང་མི་ཐུབ་ན་ཤི་གསོན་གྱི་བར་དོ་ན་ལུས་བའི་བོད་ཡིག་གི་ལས་དབང་ལ་གསོན་ཤུགས་རྒྱས་རྒྱུ་དཀའ་མོ་རེད་བསམ་གི།
དྲི་བ་བཞི་པ། ད་ལྟ་བཙན་བྱོལ་ནང༌། བཀའ་ཤགས་དང་སྤྱི་འཐུས་ལས་མང་ཚོགས་ཀྱི་ལས་འགན་ཡོད་པའི་བུད་མེད་མང་གི། བུད་མེད་དེ་རྣམས་ཀྱི་ལས་འགན་ཁུར་སྟངས་ལས་ཁྱེད་ལ་རེ་བ་དང་སྤོབས་པ་སླེབས་མྱོང་ཡོད་དམ། ཡང་ན་བློ་ཕམ་བྱུང་མྱོང་ཡོད།
ལན། རེད་ཡ། ང་རང་ཉིད་བོད་ནང་གི་བུད་མེད་ཀྱི་གནས་སྟངས་མངོན་སུམ་དུ་མཐོང་མྱོང་མཁན་ཞིག་དང་ལྷག་པར་དུ་སྐྱིད་སྡུག་གི་ཚོར་བ་མྱོང་མཁན་ཞིག་ཡིན་པའི་ཆ་ནས་བཤད་ན། བོད་གཞིས་བྱེས་གཉིས་སུ་གྱེས་པའི་བུད་མེད་རྣམས་ཀྱི་གནས་སྟངས་དང་ཐོབ་ཐང་ཡིན་ན་འདྲ། བསམ་བློའི་གོ་རྟོགས་དང་ལས་འགན་འཁུར་སྟངས་ཡིན་ན་འདྲ་གནམ་སའི་ཁྱད་པར་ཞིག་ཡོད་པ་མཐོང་གིན་འདུག བཙན་བྱོལ་ནང་གི་བུད་མེད་རྣམས་ལ་ཤེས་ཡོན་དང་འཇོན་ཐང་ཡོད་ན་ནི་གང་དུ་སོང་ནས་གང་དུ་བསྡད་ཀྱང་ཕོ་མོ་འདྲ་མཉམ་ཡིན་པ་དང་བུད་མེད་ལ་བརྩི་མཐོང་ཡོད་པ་སོགས་མང་པོ་འདུག དེའི་མ་ཟད་བུད་མེད་ཀྱི་ལས་འགན་ཁུར་སྟངས་ལ་མཚོན་ན་ཡང་ཧ་ཅང་ཡིད་འཚིམ་པོ་འདུག དཔེར་ན་ཨ་མ་རྗེ་བཙུན་པདྨ་མཆོག་གིས་སྐུ་ཚེ་ཧྲིལ་བོ་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་གཞོན་སྐྱེས་ཤེས་ཡོན་ཅན་མང་པོ་གསོ་སྐྱོང་གནང་བ་ལྟ་བུ། རྒྱ་རི་སྒྲོལ་མ་མཆོག་གིས་མི་ཚེ་ཕྱེད་ཀ་ལྷག་ལ་རང་མི་རིགས་ལ་ཞབས་ཞུ་བསྒྲུབས་པ་དང་ལྷག་པར་དུ་ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་འཀའ་ཁྲིའི་འོས་མིར་ལངས་བ། འོས་ཤོག་ཐོབ་མི་ཐོབ་ཇི་ལྟར་ཡང༌། འོས་མིར་ལངས་བ་ཙམ་གྱིས་ཁོ་མོས་ཉག་ཕྲ་བའི་མི་རིགས་ཤིག་གི་ས་ྣེཁྲིད་ཐུབ་པའི་སྙིང་སྟོབས་མཚོན་ཡོད། དེ་འདྲ་བའི་བུད་མེད་མང་པོ་ཞིག་ཡོད་པས་རེ་ཞིག་འདིར་འགོད་དགོས་དོན་མི་འདུག ད་དུང་ཡང་དེ་འདྲ་བའི་བུད་མེད་མང་པོ་ཞིག་ཡར་ལངས་ཐུབ་པ་ཡིན་ན། འུ་ཅག་གི་ཕ་ས་གོར་མོ་ན་ནོར་ནག་དང་ལྕི་འདམ་ཁྲོད་ན་རྒས་བཞིན་པའི་མ་ཡུམ་ཚོའི་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་པའི་ཡིད་ཆེས་དང་གདེང་ཚོད་ཆེན་པོ་ཡོད། ཐུགས་རྗེ་ཆེ།
དྲི་བ། ཐོག་མར་ཁྱེད་ཀྱིས་རང་ཉིད་ངོ་སྤྲོད་ཅིག་གནང་རོགས།
ལན། ངའི་མིང་ལ་སྨིན་སྣང་མཛེས་ཟེར་ཞིང༌། སྨྱུག་མིང་ལ་གངས་རིའི་སྲས་མོའམ་ལྷ་གཟི་ཁྲ་ཆུང་ཟེར། སྐྱེས་ཡུལ་ཨ་མདོ་མགོ་ལོག་གི་འབྲོག་ཁྱིམ་ཞིག་ཡིན། ང་རང་དགའ་ཕྱོགས་ནི་བོད་གཞས་ལ་ཉན་རྒྱུ་དང་ཚོར་སྣང་ཐན་ཐུན་རེ་སྨྱུག་རྩེར་འདྲེན་རྒྱུ་དེ་ཡིན། ངའི་དམིགས་ཡུལ་ནི་རང་རིགས་ཀྱི་སྤྱི་ཚོགས་ལ་སྨན་པའི་བུད་མེད་ནུས་ལྡན་ཞིག་བྱེད་རྒྱུ་དེ་ཡིན།
དྲི་བ། གོ་ཐོས་ལ་ཁྱེད་རང་བོད་ན་ཡོད་དུས་སྙན་དེབ་ཅིག་བཏོན་འདུག་ཟེར། དེའི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། བདཻན་པ་རེད། ངས་བྲིས་པའི་སྙན་དེབ་དེའི་མིང་ལ་༼གངས་རིའི་སྲས་མོ།༽ཟེར། དེབ་དེ་ནི་རང་ཉིད་སློབ་ཆུང་དང་དམའ་འབྲིང་གི་སློབ་མའི་འཚོ་བའི་བརྒྱུད་རིམ་ཁྲོད་བྲིས་པ་ཞིག་ཡིན། དེབ་དེའི་རྩོམ་ལུས་ནི་ལྷུག་རྩོམ་དང་བཅད་རྩོམ་ཤ་སྟག་ཡིན། དེབ་དེའི་དམིགས་ཡུལ་གཙོ་བོ་ཡང་རང་ཉིད་ཀྱི་ཕ་ཡུལ་ལ་བཅངས་པའི་བརྩེ་ཞེན་དང༌། ལས་མཐུན་བུ་མོ་ཚོའི་གནས་བབ། རང་གི་ཆོས་དང་རིག་གཞུང་གི་རིན་ཐང་སོགས་སྨྱུག་རྩེ་ནས་གངས་རིའི་ཕུ་ནུ་ཚོར་ལེགས་སྐྱེས་སུ་ཕུལ་རྒྱུ་དེ་ཡིན།
དྲི་བ། ཁྱེད་ལ་མཚོན་ན་བོད་དང་བཙན་བྱོལ་སྤྱི་ཚོགས་གཉིས་ཀྱི་སློབ་གྲྭ་འགྲིམས་མྱོང་ཡོད་པ་རེད། དེའི་སྐོར་གྱི་མྱོང་ཚོར་མདོར་བསྡུས་ཤིག་ངོ་སྤྲོད་གནང་རོགས།
ལན།ང་རང་ལ་མཚོན་ན་བོད་ནང་དང་བཙན་བྱོལ་སྤྱི་ཚོགས་གཉིས་སུ་སློབ་གྲྭ་འགྲིམས་པའི་མྱོང་ཚོར་མདོར་བསྡུས་ཤིག་བཤད་ན། སྤྱིར་བཏང་བོད་ནང་གི་སློག་གྲྭར་མཚོན་ན་རྒྱ་མིའི་དྲག་གནོན་འོག་གནས་ཡོད་ཀྱང་རང་གི་ཡུལ་སྲོལ་གོམས་གཤིས་དང་སྐད་ཡིག་ལ་དོ་སྣང་ཁྱད་པར་བ་ཞིག་རང་བཞིན་ལྷན་སྐྱེས་སུ་མངའ་ཡོད་པ་སྙམ་པ་དང༌། བོད་ཕྱི་ལ་མཚོན་ན་ཐམས་ཅད་རང་དབང་ཡིན་སྙམ་པའི་ཤུགས་རྐྱེན་དང་ལྷག་པར་དུ་ཕྱི་གླིང་བའི་རྗེས་སུ་འབྲངས་ཏེ་རང་གི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་དོ་སྣང་དེ་ཙམ་མེད་པའི་ཚོར་སྣང་བྱུང༌།
དྲི་བ། རང་ཉིད་བུད་མེད་ཅིག་ཡིན་པའི་ཆ་ནས་མ་འོངས་པར་སྤྱི་ཚོགས་ནང་བྱ་བ་སྒྲུབ་ཕྱོགས་ཐད་དམིགས་བསལ་ལྟ་ཚུལ་དེ་འདྲ་ཡོད་དམ།
ལན། རང་ཉིད་བུ་མོ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱིས་སྒྲུབ་ཐུབ་པའི་བྱ་བ་མང་པོ་ཞིག་ཡོད་ལ། རང་ཉིད་ཀྱིས་སྒྲུབ་མི་ཐུབ་པའི་བྱ་བ་ཡང་མང་པོ་ཡོད། དེ་བཞིན་བུ་རྣམས་ལ་མཚོན་ན་ཡང་གཅིག་པ་རེད། བུ་བུ་མོས་སྒྲུབ་ཐུབ་མི་ཐུབ་དེ་ལྟོས་ས་ལྟོས་འཇོག་གི་ཆ་ནས་འཇོག་དགོས་པ་རེད་སྙམ། དེའི་ཕྱིར་ང་རང་ལ་མཚོན་ན་རང་ཉིད་བུ་མོ་ཡིན་སྙམ་པའི་སྤྱི་ཚོགས་རྙིང་པའི་ལྟ་བའི་འོག་ཏུ་མགོ་བོ་སྒུར་ནས་མི་འདུག་པར་ད་ལྟའི་གོ་སྐབས་འདི་བཟུང་སྟེ་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།
དྲི་བ། ཁྱེད་རང་བོད་ཡིག་ཆེད་སྦྱོང་བ་ཞིག་གི་ངོས་ནས་རང་གི་སྐད་ཡིག་ལ་བཟུང་བའི་ལྟ་ཚུལ་ཐུང་ཐུང་ཞིག་གསུངས་ན།
ལན། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་པས། ང་ཚོས་ཐོག་མར་རང་ཉིད་ཀྱི་སྐད་ཡིག་གི་རྨང་གཞི་ཡག་པོ་ཞིག་འཛུགས་དགོས་པ་ནི་ཧ་ཅང་གལ་ཆེ་བར་སེམས། དེས་ན་ང་ཚོས་ཀྱང་ཐོག་མར་རང་ཉིད་ནས་འགོ་འཛུགས་དགོས་ཞེས་པ་ལྟར་དུས་རྒྱུན་གྲོགས་པོ་ཕན་ཚུན་དང༌། ནང་མི། དགེ་སློབ་སོགས་ཀྱི་དབར་ཕ་སྐད་གཙང་མ་བཤད་པར་གཞོལ་བ་ན་རིམ་བཞིན་གོམས་འགྲོ་བར་སེམས། རྒྱལ་སྲས་ཞི་བ་ལྷས་ཀྱང༌། གོམས་ན་སླ་བར་མི་འགྱུར་བའི།། དངོས་དེ་གང་ཡང་ཡོད་མ་ཡིན།། ཞེས་གསུངས་ཡོད་པ་ལྟར་ཐོག་མར་རང་ཉིད་ཀྱི་ཤ་ཁྲག་རུས་གསུམ་བོད་ནས་མཆེད་པའི་བོད་ཕྲུག་ཅིག་ཡིན་པའི་ཆ་ནས་རང་གི་སྐད་ཡིག་དང་དེའི་ཐོག་ལ་གཞན་སྐད་སྦྱང་ན་འོས་ཤིང་འཚམས་པར་ངེས།
དྲི་བ། བཅར་འདྲི་འདི་བརྒྱུད་ནས་ཁྱེད་ལ་དམིགས་བསལ་བཤད་འདོད་པའི་སྐད་ཆ་འདྲ་ཡོད་དམ།
ལན། མཇུག་མཐར་ངའི་རེ་བ་ལ། ར་བ་ཕྱི་ནང་གི་བོད་པ་རྩམ་ཟན་ཡོད་དོ་ཅོག་ད་ལྟའི་བོད་ཀྱི་གནས་སྟངས་འདི་ལ་གཞིགས་པ་ཡིན་ན། འུ་ཅག་མི་རེ་རེའི་ཕྲག་པར་རང་ཉིད་ཀྱི་ཚེ་སྲོག་ལྟ་བུའི་སྐད་ཡིག་དང་ཆོས་དང་རིག་གཞུང༌། ཡ་རབས་བཟང་སྤྱོད། ཡུལ་སྲོལ་གོམས་གཤིས་སོགས་སྲུང་སྐྱོབ་ཆེད་མི་རེ་རེ་འོས་འགན་རེ་ཡོད་པ་སྨོས་མེད་ཡིན་པས། རང་ཉིད་གང་དུ་གནས་ཀྱང་རང་ཉིད་ཀྱི་ཕྲག་པར་བབས་པའི་འོས་འགན་དེ་འབད་བརྩོན་ལྷོད་མེད་གནང་རོགས་ཞེས་བོད་པ་ཚང་མར་ཞུ་རྒྱུ་ཡིན།
ནོར་གླིང་མཐོ་སློབ་ཀླུ་མོ་འཚོ་ལགས་སུ་བཅར་འདྲི།
༡ དྲི་བ། ཁྱོད་འདི་ལྟར་བཙན་བྱོལ་དུ་ཡོང་བའི་རྒྱུ་མཚན་ཞིག་བཤད་ན་འགྲིག་གི་རེད་དམ།
ལན། འགྲིག་གི་རེད། ཕ་ཡུལ་ནས་སློབ་སྦྱོང་གི་གོ་སྐབས་མུ་མཐུད་རེག་མིན་ལ་དཀའ་ངལ་ཡོད་དུས་ང་རང་གིས་དམིགས་ཡུལ་གཙོ་བོ་གཉིས་བཟུང་ནས་ས་མཐའ་འདིར་ཡོང་བ་ཡིན། དང་པོ། ྋགོང་ས་མཆོག་གི་ཞལ་མཇལ་ཞིག་རེག་ན་བསམ་བྱུང༌། གཉིས་པ། བོད་རང་གི་སྐད་ཡིག་གཙོས་སྐད་ཡིག་གཞན་སོགས་ལ་སྦྱང་ནས་བོད་མྀ་རིགས་ལ་ཕན་པའི་སྨྱུག་ཐོགས་པ་ཞིག་བྱུང་ན་བསམ་པ་ཡིན།
༢ དྲི་བ། ཁྱོད་ཀྱིས་ད་ལྟ་བསམ་བློའི་དགག་སྒྲུབ་དང་འབྲེལ་བའི་འབོལ་རྩོམ་དང༌། སྙན་ངག་མང་པོ་འབྲི་གི་འདུག མ་འོངས་པ་ཁྱེད་སྤྱི་ཚོགས་དཔྱད་རྗོད་པ་ཞིག་གམ། ཡང་ན་སྙན་ངག་པ་ཞིག་བྱེད་རྒྱུ་ཡིན།
ལན། ང་རང་གི་བསམ་པར་སྤྱི་ཚོགས་དཔྱད་རྗོད་པ་ཞིག་ཆགས་ན་བསམ་གྱིན་ཡོད། རྒྱུ་མཚན། སྤྱི་ཚོགས་དཔྱད་རྗོད་པས་མི་སེམས་མང་པོ་ཞིག་གཤགས་བཅོས་གཏོང་བ་དང༌། སྤྱི་ཚོགས་སྟེང་དགག་སྒྲུབ་དང་དཔྱོད་ཤེས་ཀྱི་གར་སྟེགས་ཤིག་སྐྲུན་བཞིན་ཡོད་པ་མ་ཟད། སྤྱི་ཚོགས་ལ་ཡར་རྒྱས་ཀྱི་སྐུལ་འདེད་ཅིག་དང་འཚོལ་སྙེག་གི་བསམ་གཞིགས་ཤིག་ཀྱང་སྐྲུན་བཞིན་ཡོད་པས་ཡིན།
༣ དྲི་བ། ཁྱེད་རང་གིས་བལྟས་ན། མཐོ་རིམ་སློབ་མ་ཞིག་ལ་དམིགས་བསལ་གྱི་འགན་འཁྲི་དང་ཁྱད་ཆོས་ཅི་ཞིག་ཡོད་དགོས།
ལན། མཐོ་རིམ་སློབ་མའི་ཁྱད་ཆོས་ནི་སྒེར་ཚུགས་ཀྱི་རང་གཤིས་ལྡན་པ། རང་སྐྱ་འཕེར་བའི་སྒོ་ནས་བསམ་གཞིགས་བྱེད་པ། དཔྱོད་ཤེས་དང་འཚོལ་སྙེག་གི་བསམ་བློ་ལྡན་པ་ཞིག་ལ་བསམ། དམིགས་བསལ་གྱི་འགན་འཁྲི་ནི་སྨྱུག་ཐོགས་པ་དང་ཤེས་ཡོན་པའི་སྐད་ཆའི་ཕུགས་བསམ་རྟོགས་པའི་སྒོ་ནས་རང་ཉིད་བློ་འབྱེད་དང་སྤྱི་ཚོགས་བློ་འབྱེད་ཀྱི་འགན་འཁྲིའི་འདུ་ཤེས་དང༌། སློབ་གཉེར་པའི་འགན་འཁྲིའི་འདུ་ཤེས་གསལ་རྟོགས་ཡོད་པའི་སྒོ་ནས་དཔེ་དེབ་དང་སྨྱུ་གུ་བེད་སྤྱོད་བྱེད་རྒྱུ་དེ་རེད་བསམ།
༤ དྲི་བ། བོད་ནང་གི་མཐོ་རིམ་སློབ་མ་དང་ཡུལ་གྱར་གྱི་མཐོ་རིམ་སློབ་མ་གཉིས་ཀྱི་ཤེས་ཡོན་དང་བསམ་བློ་གཏོང་སྟངས་ཐད་ཁྱད་པར་ག་འདྲ་ཤོར་འདུག
ལན། ང་རང་གི་བསམ་པར་བོད་ནང་གི་མཐོ་རིམ་སློབ་མ་རྣམས་ལ་མི་རིགས་སྐད་ཡིག་གི་རྨང་གཞི་བརྟན་པ་དང་ཕྱོགས་ཡོངས་ནས་ཤེས་ཚད་རན་པོ་འདུག་བསམ། བསམ་བློའི་ཕྱོགས་ནས་བོད་ནང་གི་མཐོ་རིམ་སློབ་མ་དག་ལ་མི་རིགས་རང་གི་ལྟ་བ་དང་ལ་རྒྱ། ལྷག་པར་དུ་མི་རིགས་དར་རྒུད་དང་མ་འོངས་བའི་འཚོ་བ་སོགས་ལ་ཡང་འགན་འཁྲིའི་འདུ་ཤེས་ཟབ་མོ་འདུག ཁོང་ཚོ་ལ་རང་དབང་མེད་པ་བདེན་མོད། འོན་ཀྱང་ཁོ་ཚོས་མི་རིགས་ཀྱི་འདུ་ཤེས་དང་རིག་གཞུང་གི་འདུ་ཤེས་དེ་རང་ཉིད་ཀྱི་ཚེ་སྲོག་བཞིན་རྩ་ཆེན་པོ་བརྩི་བཞིན་འདུག འདིར་ཡུལ་གྱར་བའི་མཐོ་རིམ་སློབ་མ་རྣམས་ལ་མི་རིགས་ཀྱི་ལྟ་བ་དང་ཤ་ཞེན་དབེན་ལ། མི་རིགས་སྐད་ཡིག་གི་ཤཻས་ཚད་དམན་པ། བསམ་བློའི་ནང་རང་སྒེར་གྱི་འཚོ་བ་ཙམ་ལས་འཆར་རྒྱུ་མེད་པ་མ་ཟད། སྐད་ཡིག་གཞན་གྱི་སྟེང་ནས་རང་སྐྱ་ཐུབ་པའི་སློབ་མའི་གྲངས་ཚད་ཤིན་ཏུ་ཉུང༌། མི་རིགས་དང་མི་རབས་འདིའི་འགན་འཁྲིའི་འདུ་ཤེས་དབེན་པ་སོགས་མི་རིགས་རང་སྟེང་ནས་བསམ་བློ་བཏང་བ་ཡིན་ན་ཧེ་བག་ཆེན་པོ་ཞིག་འདུག་བསམ།
༥ དྲི་བ། ད་ལྟ་བོད་དུ་བོད་ཡིག་སློབ་ཚན་གྱི་སྐད་ཡིག་དང་པོར་འཇོག་པར་འབད་བརྩོད་བྱེད་བཞིན་ཡོད་ན། བཙན་བྱོལ་དུ་བོད་ཡིག་སློབ་ཚན་དང་པོ་ལ་བཞག་འདུག་གམ། ཡང་ན་གཉིས་པ་ལ་བཞག་འདུག
ལན། དངོས་ཡོད་ཀྱི་ཐོག་ནས་བཤད་པ་ཡིན་ན། བཙན་བྱོལ་དུ་བོད་སྐད་ཡིག་སློབ་ཚན་སྐད་ཡིག་གཉིས་པར་བཞག་འདུག རྒྱུ་མཚན་ནི་སློབ་ཚན་མང་ཤོས་མི་རིགས་གཞན་གྱི་སྐད་ཡིག་ཐོག་སློབ་བཞིན་པ་དང༌། སློབ་མ་རྣམས་རང་བཞིན་གྱིས་སྐད་ཡིག་གཞན་ལ་དོ་སྣང་དང་རང་གི་སྐད་ཡིག་སྦྱོང་འདོད་ཀྱི་འདུན་པ་ཉམས་དང་ཉམས་བཞིན་པ་མངོན་སུམ་རེད།
༦ དྲི་བ། ད་ལྟ་བུད་མེད་མང་པོ་ཞིག་གིས་བུད་མེད་ཀྱི་ཐོབ་ཐང་ཟེར་ནས་ཞེ་དྲག་ཤོད་ཀྱིན་འདུག་ན། དོན་ངོ་མར་བོད་ཀྱི་བུད་མེད་ལ་ཐོབ་ཐང་འདུག་གམ་མི་འདུག
ལན། ང་རང་གི་བསམ་པར་བོད་ཀྱི་བུད་མེད་རྣམས་ལ་ཐོབ་ཐང་འདུག བོད་ཀྱི་བུད་མེད་ལ་ཤེས་འཇོན་མེད་པའི་དབང་གིས་ཐོབ་ཐང་རེག་གི་མེད་པ་འདྲ། རང་ཉིད་ལ་ཤེས་ཡོན་དང་འཇོན་ཐང་ཡོད་ན་ཅི་ཡང་སྒྲུབ་ཆོག་ལ་གང་ཡང་བྱེད་ནུས་པས་གཙོ་བོ་རང་ཉིད་ཀྱིས་རང་གི་སྟོང་ཆ་ཁ་སྐོང་བྱས་ནས་འགུལ་བསྐྱོད་བྱེད་རྒྱུ་དེ་རེད་འདུག་བསམ།
ང་ཨ་མ་ཞིག་ཡིན་པས་ང་ལ་འགན་ཁུར་ཡོད།
དྲི་བ། ཨ་ཅག་ལགས། ང་མ་ཡུམ་ཚགས་ཤོག་གི་རྩོམ་སྒྲིག་པ་ཞིག་ཡིན། ཁྱེད་ལ་སྐད་ཆ་ཁ་ཤས་དྲིས་ན་ཨེ་འགྲིག་གི།
ལན། འགྲིག་གི་རེད། འགྲིག་གི་རེད། ཡིན་ནའང༌། ང་ལ་སློབ་སྦྱོང་དེ་འདྲ་ཡོད་པ་མ་རེད། ཅི་གང་བཤད་ཤེས་ཀི་མ་རེད། དེ་བས་སློབ་སྦྱོང་ཡོད་མཁན་དེ་འདྲ་ལ་དྲིས་ན་ཡག་གི་རེད།
ཨ་ཅག་ལགས་དེ་འདྲ་མ་རེད། ནམ་རྒྱུན་སློབ་སྦྱོང་ཡོད་མཁན་དང༌། གོ་སྐབས་ཡོད་མཁན་དེ་འདྲས་མང་པོ་བཤད་བསྡད་ཡོད་པ་རེད། ཡིན་ནའང༌། དངོས་གནས་དཀའ་སྡུག་མྱོང་གི་ཡོད་མཁན་དང༌། སོ་སོའི་ས་ནས་མི་རིགས་དང་རྒྱལ་ཁབ། སྤྱི་ཚོགས་ཀྱི་འགན་ཞིག་ཁུར་བསྡད་ཡོད་པའི་མང་ཚོགས་དཀྱུས་མ་དེ་ཚོའི་སེམས་ཁམས་དང་གནས་ཚུལ་མང་ཚོགས་ཀྱིས་ཞེ་དྲག་མཐོང་གི་ཡོད་པ་མ་རེད། རྒྱུ་མཚན་དེ་ལ་བརྟེན་ནས། ང་ཁྱེད་ལྟ་བུ་བུད་མེད་སྙིང་སྟོབས་ཅན། དཀའ་སྡུག་གང་ལ་རང་ངོས་ནས་གདོང་ལེན་བྱེད་པའི་སྤོབས་པ་དང་བསམ་བློ་ཡོད་མཁན་དེ་འདྲ་ལ་ཁ་བརྡ་བྱེད་པ་དང༌། དེའི་གནས་ཚུལ་གཞན་ལ་གསལ་བཤད་བྱེད་པའི་ལས་ཀ་བསྒྲུབ་པར་འདོད་པ་ཡོད། དེ་བས་ཨ་ཅག་ལགས་ཀྱི་བསམ་ཚུལ་ཁ་ཤས་ང་ལ་བཤད་པར་རེ་བསྐུལ་ཞུ་གི་ཡོད་ན། ངས་ཁྱོད་ལ་དྲི་བ་ཁ་ཤས་བཏོན་ན་ཨེ་ཆོག་གི
ལན། འགྲིག་ད་འགྲིག ང་རང་གིས་ག་རེ་ཤེས་པ་དང་མྱངས་པ་དེ་ཚོ་བཤད་ཀི་ཡིན།
དྲི་བ། ཨ་ཅག་ལགས་ཀྱིས་བོད་ཡིག་ཤེས་ཀི་ཡོད་དམ།
ལན། ངས་བོད་ཡིག་ཐེབས་ཆག་ཅིག་ཀློག་ཤེས་ཀི་ཡོད། དོན་དག་དེ་འདྲའི་ཡག་པོ་ཤེས་ཀི་མེད། སློབ་སྦྱོང་ཅི་གང་ཡང་མེད། སོ་སོའི་ལུས་ཤུགས་ཙམ་པོ་ལ་བརྟེན་ནས་དཀའ་ལས་རྒྱབ་བསྡད་ཡོད།
དྲི་བ། ཨ་ཅག་ལགས་ཀྱི་མིང་ལ་ག་རེ་ཟེར། ག་དུས་རྒྱ་གར་ལ་སླེབ་ཡིན།
ལན། ངའི་མིང་ལ་ཟླ་བ་སྒྲོལ་མ་ཟེར། ཕ་ཡུལ་ཁམས་སྨྲར་ཁམས་ནས་ཡིན། ཕྱི་ལོ་༢༠༠༠ལོར་རྒྱ་གར་ལ་འབྱོར་ཡིན།
དྲི་བ། ཨ་ཅག་ལགས་རྒྱ་གར་ལ་ཡོང་ནས་སློབ་གྲྭར་འགྲོ་ཡིན་ནམ། ད་ལྟའི་འཚོ་བའི་རྟེན་གཞི་ག་རེ་ཡིན་ནམ།
ལན། ང་སློབ་གྲྭ་ལ་འགྲོ་མེད། ང་རྒྱ་གར་ལ་ཡོང་དུས་བུ་གུ་ཞིག་ཡོད། དེ་སློབ་གྲྭ་ལ་བཅུགས་ཡིན། ང་ལོ་ཆེན་པོ་རེད། གཞི་ནས་སློབ་སྦྱོང་བྱས་ན་ཡག་པོ་ཤེས་ཀི་མ་རེད་ལ། ཅུང་ཙམ་ཞིག་ཤེས་ཀྱང་མ་འོངས་པ་ན་ཁ་ལག་རག་གི་མ་རེད་བསམ་སོང༌། དེ་ལས་བུ་གུ་ལ་སློབ་སྦྱོང་ཡག་པོ་ཞིག་སྤྲད་ཐུབ་ན་བསམ་ཡིན། ང་ཨ་མ་ཞིག་ཡིན་པའི་ཆ་ནས་བུ་གུ་ལ་འགན་ཞིག་ཁུར་དགོས་ཀི། དེ་བས་སློབ་གྲྭ་མ་སོང་བར་རྒྱ་གར་ལ་འབྱོར་མ་ཐག་ནས་བག་ལེབ་བཙོང་ཡིན། བུ་གུ་ལ་ལྟ་གི་ལྟ་གི་བག་ལེབ་བཙོང་ནས་བསྡད་ཡིན། བུ་གུ་ཡག་པོ་ཡོང་ཡ་ལ་དཀའ་ལས་ག་རེ་ཡིན་ན་རྒྱག་དགོས་བསམ་ནས་ཐག་བཅད་ཡིན།
དྲི་བ། གལ་སྲིད་དཀའ་ངལ་ཆེན་པོ་དེ་འདྲ་འཕྲད་ན་གཞུང་གི་རོགས་པ་རྒྱག་གི་རེད་བསམ་མྱོང་ཡོད་དམ།
ལན། དེ་འདྲ་ལ་བསམ་བློ་མང་པོ་བཏང་མ་མྱོང༌། གཞུང་གི་རོགས་པ་རྒྱག་གི་རེད་ལབ་པ་དེ་འདྲ་གོ་སོང༌། ཡིན་ནའང༌། གཞུང་གིས་མི་དེ་འདྲ་མང་པོ་ལ་ལྟ་དགོས་པ་རེད། ང་འདྲ་བོ་སྐྱོ་བོ་མང་པོ་ཞེ་དྲག་རེད། དེ་ཚང་མ་ལ་གཞུང་གིས་ལྟ་དགོས་ན་ཁག་པོ་ཡིན་རྒྱུ་རེད་དྲན་སོང༌། སོ་སོ་ཐང་ཐང་རེད། སོ་སོ་རང་ངོས་ནས་དཀའ་ལས་རྒྱབ་ནས་གཞུང་ལ་དཀའ་ངལ་ཞུ་མ་དགོས་ན་བསམ་ནས་ཤུགས་རྒྱབ་བསྡད་ཡོད།
དྲི་བ། ཨ་ཅག་ལགས་རྒྱ་གར་ལ་ཡོང་ནས་དཀའ་ངལ་མང་པོ་འཕྲད་ཡོད་རྒྱུ་རེད། གཙོ་བོ་ག་རེའི་སྒང་ནས་དཀའ་ངལ་འཕྲད་སོང༌།
ལན། ས་མཐའ་ཞིག་ལ་ཡོང་དུས། དཀའ་ངལ་ཁ་མེད་སྣ་མེད་རེད། སློབ་སྦྱོང་མེད་པའི་དཀའ་ངལ་དང༌། དཔལ་འབྱོར་མེད་པའི་དཀའ་ངལ། ཡུལ་སྐད་དང་འགྲོ་སྟངས་མ་ཤེས་པའི་དཀའ་ངལ། རུམ་ན་སྒོར་མོ་སྐར་གང་མེད་པར་མང་པོ་འགྲོ་ཡིན། སློང་མོ་རྒྱག་དགོས་མིན་ན་བསམ་པ་དེ་འདྲའི་དཀའ་ངལ་འཕྲད་མྱོང་ཡོད། དེ་རྗེས་རྒྱ་གར་ལྷོ་ཕྱོགས་སྦེལ་གོལ་དུ་ཡོད་པའི་སྤུན་མཆེད་ཅིག་གི་ནང་ལ་གཡོག་པོར་རྒྱུག་ཡིན། ལོ་གཅིག་དང་ཟླ་བ་བརྒྱད་ལ་གཡོག་ལས་བྱས་ཡིན། གཡོག་གླ་བསགས་བསྡད་པ་ཧིན་སྒོར་༡༧༠༠༠ དེ་འདྲ་ཞིག་འདུག དེ་ཁུར་ནས་མེག་ལོར་ཡོང་ཡིན། ཁྲི་གཅིག་གིས་ནང་ཆས་བསྒྲིགས་ཡིན། བདུན་སྟོང་དེས་ཚོང་ཙག་ཙིག་ཅིག་བླངས་ནས། ཐང་ཁྲོམ་བཤམས་ནས་ད་བར་དུ་བསྡད་ཡིན།
དྲི་བ། ཁྱེད་ཀྱི་འཚོ་བའི་འབྱུང་ཁུངས་ཐང་ཁྲོམ་གཅིག་པོ་ཡིན་ནམ།
ལན། ཡིན་ཡིན། འཚོ་བའི་ཡོང་ཁུངས་ཐང་ཁྲོམ་གཅིག་པོ་ཡིན། སོ་སོའི་འགྲོ་སོང་དང་བུ་གུའི་འགྲོ་སོང་ཚང་མ་ཐང་ཁྲོམ་རང་ནས་ཡིན། དེ་མིན་ཡོང་ཁུངས་གཞན་གང་ཡང་མེད།
དྲི་བ། ཁྱོད་ལ་རོགས་པ་བྱེད་མཁན་སུ་གང་མེད་ནའང༌། སོ་སོས་དཀའ་ལས་བརྒྱབས་ནས་འཚོ་བ་རང་མགོ་ཐོན་པ་ཞིག་བྱས་འདུག མ་འོངས་པ་ན་འཚོ་བ་ཡར་རྒྱས་གཏོང་བའི་འཆར་གཞི་དེ་འདྲ་ཡོད་དམ།
ལན། འཆར་གཞི་གསར་བ་འདྲ་མེད། འཚོ་བ་འགྲིག་ཙམ་མ་གཏོགས་ཅི་གང་མི་འདུག མ་རྩ་མེད་པར་འཆར་གཞི་གསར་བ་བཟོ་རྒྱུ་ཁག་པོ་རེད། བུ་གུ་ཆེན་པོ་ཆགས་ཀི་ཆགས་ཀི་འགྲོ་སོང་ཆེ་རུ་ཆེ་རུ་རེད། ད་བུ་གུའི་མ་འོངས་པའི་སློབ་སྦྱོང་དང་མདུན་ལམ་བཅས་ལ་སེམས་ཁྲལ་ཆེ་རུ་ཆེ་རུ་དང༌། རྡོག་ཁྲེས་ཆེ་རུ་ཆེ་རུ་འགྲོ་གི་འདུག
དྲི་བ། ཁྱོད་ཀྱི་བུ་གུའི་ཆེད་དུ་དཀའ་ལས་འདི་འདྲ་ཞིག་བརྒྱབས་འདུག ཨ་མ་གཞན་གྱིས་བུ་གུ་ལ་འགན་ཁུར་སྟངས་ཀྱི་སྐོར་ལ་བསམ་ཚུལ་འདྲ་ཨེ་ཡོད།
ལན། ཨ་མ་ཁ་ཤས་ཀྱིས་བུ་གུ་སློབ་གྲྭ་ལ་རྩིས་སྤྲད་ནས་རྦད་དེ་གཡུག་འཇོག་པ་དང༌། སོ་སོ་རང་མགོ་གང་ཐོན་གྱིས་བུ་གུ་ལ་ལྟ་ཙམ་མི་བྱེད་མཁན་དེ་འདྲ་འདུག དེ་ཚོ་ཡག་པོ་མི་འདུག་བསམ་སོང༌། དཀའ་ངལ་ག་རེ་འཕྲད་ཀྱང༌། སོ་སོ་ཨ་མ་ཞིག་ཡིན་དུས་བུ་གུ་ལ་འགན་ཞིག་ཁུར་དགོས་རེད་པ། བརྩེ་བ་ཞིག་སྤྲོད་དགོས་རེད་པ། བོད་པ་རང་ལ་བུ་གུ་ལ་གཅེས་སྐྱོང་བྱེད་སྟངས་ཤིག་ཡོད་པ་རེད་པ། དེ་ཚོ་གལ་ཆེན་པོ་ཡིན་རྒྱུ་རེད་དྲན་གི།
དྲི་བ། ང་ཚོ་བོད་པ་མུ་མཐུད་རྒྱ་གར་ན་བསྡད་པ་ཡིན་ན་ག་འདྲ་ཆགས་ཡོང་བར་སེམས་ཁྲལ་དང་བསམ་ཚུལ་དེ་འདྲ་ཨེ་ཡོད་ཀི།
ལན། ང་ཚོ་རྒྱ་གར་ན་བརྟན་པོ་མི་འདུག ཁང་བ་དང་ས་ཆ་གང་ཡིན་ཡང་གཞན་ལ་གཡར་ན་བསྡད་ཡོད་པ་རེད། ཉིན་ཞིག་ྋགོང་ས་མཆོག་བཞུགས་མི་བཞུགས་ཡོང་ན་ག་རེ་བྱེད་དགོས་ཡིན་ན། རྒྱ་ནག་གིས་ནི་ང་ཚོ་ཡོང་མི་འཇུག ཧོབ་ཏེ་འགྲོ་ས་ཡོད་པ་མ་རེད། བསྡད་ཀྱང་དཀའ་ངལ་འཕྲད་རྒྱུ་རེད་བསམ་ནས་སེམས་ཁྲལ་ཞེ་དྲག་འདུག དེ་འདྲ་རེད་པ། ད་བཤད་ཤེས་ཀི་མི་འདུག
ཐུགས་རྗེ་ཆེ། ས་མཐའ་ན་དངོས་གནས་དཀའ་སྡུག་མྱོང་གི་ཡོད་པའི་ཨ་མ་ཞིག་གི་སེམས་ཀྱི་རྨ་ཁ་ཅུང་ཞིག་མཐོང་སོང༌། ད་དེ་རིང་གི་ཁ་བརྡ་འདི་ནས་མཚམས་འཇོག་གི་ཡིན། ཁ་དྲོ།
དྲི་
དེའི་