མ་ཡུམ་རྩོམ་སྒྲིག་པ།

སློབ་སྟོན་པ། རྒྱལ་རོང་ཐུབ་བསྟན་ཆོས་སྒྲོན།
སྤྱི་ཁྱབ་རྩོམ་སྒྲིག་པ། མེ་འོད།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་འཚོ། ཚེ་རིང་ཆོས་སྒྲོན།
རྩོམ་སྒྲིག་པ། འབྲོང་དར་རྒྱས། བྱ་སྨྱོན་པ།
འབྲེལ་མཐུད་པ། རྒྱལ་རོང་པདྨ།

དྲ་ངོས་ཀློག་གྲངས།

About Me

མ་ཡུམ།
མ་ཡུམ་ཞེས་པའི་དྲ་རྒྱ་འདི་ནི་བུད་མེད་རྐྱང་བའི་རྩོམ་པ་པོ་རྣམས་ཀྱི་ཆེད་དུ་ཡིན་པ་དང༌། གཙོ་བོ་བུད་མེད་རྣམས་ཀྱི་བསམ་བློ་བརྗེ་རེས་བྱེད་སའི་སྟེགས་བུ་ཞིག་དང༌། བུད་མེད་རྣམས་ཀྱི་འདས་པའི་བྱུང་བ་དང་ད་ལྟའི་གནས་བབ། མ་འོངས་པའི་ཕུགས་བསམ་བཅས་གསལ་སྟོན་བྱེད་སའི་རང་དབང་གི་སྟེགས་བུ་ཞིག་ཀྱང་ཡིན། དྲ་རྒྱ་འདི་བུད་མེད་རྒན་གཞོན་དང༌། བཙུན་མ། སློབ་ཕྲུག་ཡོངས་ལ་གཏན་དུ་དབང༌།
View my complete profile

དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

འབྲེལ་གཏུགས་ཁ་བྱང་།

mayum2010@gmail.com

Blog Archive

ཟིན་བྲིས་འདིའི་བདག་དབང་ཆ་ཚང་མ་ཡུམ་དྲ་རྒྱ་ལ་ཡོད།. Powered by Blogger.

དཀར་ཆག


༥/༨ ཨ་མའི་དུས་ཆེན་ལ།

བོད་ཀྱི་མ་ཡུམ་ཚོ་གཙོས་པའི་གནམ་འོག་གི་ཨ་མ་ཚང་མར་འཚམས་འདྲི་ཞུ་བ་དང་། ཨ་མ་ཚོའི་མཐའ་མེད་པའི་བྱམས་སེམས་དང་གཏིང་ཟབ་པའི་བརྩེ་བ་ཡིས་འགྲོ་བ་མིའི་རིགས་ཀྱི་རང་བྱུང་ཁམས་ལ་བདེ་སྐྱིད་རྫོགས་ལྡན་ཐོབ་པར་སྨོན་འདུན་ཞུ།

རྒྱང་རིང་ནས་ཨ་ཅེ་འབྲོག་མོ་ཚོ་དྲན་པ།
                              སྨིན་སྣང་མཛེས། ས་རཱ་མཐོ་སློབ།
ང་འདི་ལྟར་མཛེས་སྡུག་གི་རྩྭ་ཐང་དང་རྟ་ནོར་ལུག་གསུམ། སྦྲང་དཀར་རྩམ་པ། མཐིང་སྨུག་སྦྲ་ཆུང༌། གངས་དཀར་ཨ་མ་བཅས་ལ་གྱེས་ཕྱག་ཕུལ་ནས་ལོ་ངོ་གསུམ་འདས་པའི་དེ་རིང་གི་ཉིན་མོར། ཁང་ཆུང་གྲུ་བཞི་འདི་ནས་དྲན་འཛིན་གྱི་ཡོལ་རས་ངོས་སུ་གློག་བརྙན་བཞིན་ཤར་འོངས་བ་ནི་ང་དང་ཁ་ཐག་ཆེས་རིང་ཤིང་སེམས་ཐག་ཆེས་ཉེ་བའི་རྩྭ་ཐང་གི་ཨ་ཅེ་འབྲོག་མོ་ཚོ་རེད། སྙིང་རྗེ་བའི་མིག་ཟུང་རེ་རེ། དཀར་ཞིང་འཇམ་པའི་ངོ་གདོང་རེ་རེ། དམར་མདངས་བཀྲ་བའི་མཁུར་ཚོས་རེ་རེ། སེར་ཁ་གས་པའི་ལག་ཟུང་རེ་རེ། ཕྲ་ཞིང་ལྡེམ་པའི་གཟུགས་པོ་རེ་རེ། ནག་ཅིང་སྣུམ་པའི་སྐྲ་ལོ་རེ་རེ་དྲན་བྱུང༌། དྲན་གྱིན་དྲན་གྱིན་རང་ཉིད་ཀྱི་སེམས་པ་ཡང་རྒོད་པོའི་གཤོག་ཐོགས་བཞིན་ཕ་ཡུལ་གྱི་རྩྭ་ཐང་དུ་འཕུར་འགྲོ་ལ། དྭངས་གཙང་གི་བྱིས་དུས་དྲན་བྱུང༌། ལྷག་པར་དུ་ངའི་རྩེད་གྲོགས་ཨ་ཅེ་འབྲོག་མོ་ཚོ་དྲན་བྱུང༌། གཞུང་དྲང་གི་ངང་རྒྱུད་རེ་རེ། ངག་འཇམ་གྱི་སྐད་ཆ་རེ་རེ། ཞི་འཇམ་གྱི་གཤིས་ཀ་རེ་རེ་དྲན་བྱུང༌། ངའི་ལས་མཐུན་གྱི་འབྲོག་མོ་ཚོ།

            ཁ་སང༌།
འདས་ཟིན་པའི་ཁ་སང་ཁ་སང་ཞིག་ལ། རྩྭ་ཐང་ནས་འཚར་ལོངས་བྱུང་ཞིང་སྦྲ་འདབ་ནས་ལང་ཚོ་སྨིན་པའི་ཨ་ཅེ་འབྲོག་མོ་ཚོ། ནོར་ནག་གི་ལྷས་ར་ན་སྒོ་སྒོའི་དབྱངས་རྟ་དང་འགྲོགས་ཤིང༌། གཡང་དཀར་གྱི་མཐའ་འཁོར་ན་རྫི་གླུའི་འགྱུར་ཁུག་དང་བསྡོངས་ཡོད། ད་དུང༌། དབྱར་གསུམ་ཆར་ཆུ་གྲོགས་སུ་བཀུགས་ཏེ། དགུན་གསུམ་ཁ་བ་བུ་ཡུག་གདོང་གིས་བསུ་བཞིན་རི་སྒང་ཤོད་གསུམ་ན་རྩེན། སྐབས་དེར་ང་དང་ཨ་ཅེ་འབྲོག་མོ་ཚོར་རྩྭ་ཐང་གི་ཡོད་ཚད་རང་ཉིད་ལ་དབང་བའི་ཚོར་རླབས་འཕྱུར་མྱོང༌། ད་ལྟ་ངའི་ཕྱིར་དྲན་གྱི་ཀློང་ན་འདས་དོན་དེ་དག་བརྗེད་དཀའ་ལ་དྲན་སླ་བའི་ཟིན་ཐོ་རྣལ་མ་ཞིག་ཏུ་གྲུབ་ཟིན།

            དེ་རིང༌།
ངས་རང་ཉིད་ཀྱིས་བདམས་ཟིན་པའི་ལམ་བུ་འདི་ནས། ༧སྐྱབས་མགོན་དམ་པའི་གསེར་ཞལ་མཇལ་ཐེངས་རེར། ཤེས་བྱ་རིག་པའི་སྐྱེད་ཚལ་འགྲིམས་ཐེངས་རེར། ངའི་ཡིད་ལ་རྩྭ་ཐང་གི་སྣང་བརྙན་དང་ཨ་ཅེ་འབྲོག་མོ་ཚོའི་རྒྱབ་གཟུགས་ཤར་འོངས། དེ་ལས་ཀྱང་ཁོ་མོ་ཚོའི་མཚར་སྡུག་གུ་ལང་ཚོ་དང༌། ལྷད་མེད་ཀྱི་མི་གཞི། ཡ་རབས་ཀྱི་བྱ་སྤྱོད་མཐའ་དག་ཤེས་མེད་ཚོར་མེད་དུ་བག་ལ་ཞ་འགྲོ་བར་བསམ་ན། ངའི་ཡ་ཆུང་ཁོག་པར་སྐྱོ་བའི་སྨུག་ལོང་འཐིབས་ཤིང་སྐབས་རེར་སྐྱོ་བའི་མིག་ཆུ་ཡང་དབང་མེད་ཤོར། ཨ་ཤུ་རེ་གོ ངའི་སྙིང་གི་མེ་ཏོག་ཚོ། གལ་སྲིད་ཁོ་མོ་ཚོ་ལ་རྩ་བའི་བླ་མའི་གསུང་སྐད་ཐོས་པའི་སྐལ་བ་ཞིག་ཡོད་ན། ཁོ་མོ་ཚོ་ལ་ཡང་ལྔ་རིག་གི་ཤེས་བྱར་རོལ་བའི་དུས་བཟང་ཞིག་ཐོབ་ན་ཅི་མ་རུང༌། ཨ། ངའི་སྙིང་གི་ཨ་ཅེ་འབྲོག་མོ་ཚོ།
            སང་ཉིན།
མ་འོངས་པའི་ཕ་ཡུལ་གྱི་རྩྭ་ཐང་དང་ངའི་ཨ་ཅེ་འབྲོག་མོ་ཚོ། ངའི་ལངས་ཐེངས་རེ་དང་ཉལ་ཐེངས་རེ། སྡོད་ཐེངས་རེ་དང་འགྲོ་ཐེངས་རེར་བསམ་བློ་བཏང་མྱོང༌། གལ་སྲིད་ང་ཕ་ཡུལ་གྱི་རྩྭ་ཐང་དུ་ལོག་པའི་ཉིན་མོ་དེར། ང་ལ་མེ་ཏོག་གི་མགུལ་རྒྱན་བསླེས་པའི་ཨ་ཅེ་འབྲོག་མོ་ཚོ། ང་ལ་རྩེད་ར་གྲུ་བཞིའི་དྲོད་ཁོལ་སྩོལ་བའི་ཨ་ཅེ་འབྲོག་མོ་དེ་ཚོ། ང་ལ་སྦྲ་ནག་གྲུ་བཞིའི་གནའ་གཏམ་གླེང་བའི་ཨ་ཅེ་འབྲོག་མོ་དེ་ཚོ། སྤྱི་ཚོགས་ཀྱི་འཆིང་རྒྱ་ལས་ཐར་ཞིང༌། བརྩེ་དུང་ལ་རང་དབང་མངའ་བ། མི་གཞི་ལ་རིན་ཐང་ལྡན་པ། བསམ་བློ་ཡི་གོ་རྟོགས་མཐོ་ལ། ཤེས་ཡོན་གྱི་རིག་རྩལ་བསྣམས་པའི་ཨ་ཅེ་ཤ་སྟག་གུ་འགྱུར་ཏེ་ང་ཚོ་སྔར་བཞིན་རྩྭ་ཐང་ནས་འཛོམས་ན་ཇི་འདྲའི་སྐྱིད་པ་ལའང༌།
ཨ་ཅེ་འབྲོག་མོ་ཚོ། ངའི་ཡིད་ཀྱི་མེ་ཏོག་ཚོམ་བུ།
ཨ་ཅེ་འབྲོག་མོ་ཚོ། ངའི་དུས་གསུམ་གྱི་བདག་མོ་ཚོ། ཁྱོད་ཚོ་རྒྱལ་གྱུར་ཅིག
                         མེ་ཏོག་ཅིག་གི་མཛེས་སྡུག་དྲན་པ།                     
མུ་ཏིག
            ལག་རྩལ་པ་ཞིག་འདས་རྗེས།

      མི་ཞིག་སྐྱེས་པ་ནས་འཆི་ཚུལ་ནི་མེ་ཏོག་ཅིག་སྐྱེས་ནས་སྐམ་པའི་བརྒྱུད་རིམ་དང་ཅི་འདྲའི་མཚུངས་ཨང༌། བརྒྱུད་རིམ་ལས་བརྒལ་རྗེས། ཤུལ་དུ་མིག་ཆུ་འདོན་མཁན་ཡོད་མེད་ཙམ་གྱི་ཁྱད་པར་ལས་ཤིན་ཏུ་ནས་མཚུངས་སོ།།

      མེ་ཏོག་གཅིག་སྐམ་རྗེས། མེ་ཏོག་གཞན་གྱིས་ཚབ་བྱེད་ཐུབ་མིན་ལ་ཐག་གཅོད་ཤིན་ཏུ་དཀའ་ནའང༌། ཁྱེད་རང་བཞུད་རྗེས། ཁྱེད་ཀྱི་ཚབ་བྱེད་ཐུབ་མཁན་གྱི་ཁྱེད་རང་ཞིག་ད་ལྟ་མི་འདུག ཁྱེད་ཀྱིས་སྤར་ནས་བཞག་ཡོད་པའི་མར་མེ་དེ་ཚོའང་རླུང་འཚུབ་དང་དྲག་ཆར་གང་ཞིག་གིས་འཇིག་འགྲོ་བར་བསམ་ན། འཇིག་རྟེན་ཆོས་ཉིད་ཅེས་པའི་ཡིག་འབྲུ་འདི་ཚོའང་སེམས་ཀྱི་ཟབ་ས་ཞིག་ནས། བཞུར་ནས་ཡོང་གི

      སྐམ་ཟིན་པའི་མེ་ཏོག་རེའི་རྗེས་ན། མཛེས་སྡུག་ཡོངས་སུ་རྫོགས་པའི་མེ་ཏོག་གཞན་ཡོད་པས། ཁོར་ཡུག་གི་མཛེས་པ་ཉམས་མེད་ནའང༌། ཁྱེད་སོང་ཤུལ་ན། ངོ་མདོག་ཤོར་བའི་མི་ཚོགས་ཇི་འདྲའི་མང་བ་ལའང༌། ཁྱེད་ཀྱིས་བཞེངས་པའི་ལྷ་སྐུ་དེ་དག་གི་བྱིན་རླབས་ཀྱང༌། ལོ་ཟླ་དང་དུས་རབས་གང་འཚམས་ཤིག་གི་མཚམས་ནས། ཡུལ་དུས་གང་ཞིག་ལ་འཁུར་འགྲོ་བར་བསམ་ན། མི་རྟག་པ་ཞེས་པའི་འཁོར་བ་འདི་ལའང༌། མཚམས་རེར་ངེས་འབྱུང་རེ་སྐྱེས་ན་ཅིས་མ་ཆོག

      མེ་ཏོག་རེ་རེར་མཛེས་སྡུག་དང་དྲི་ཞིམ་ཡོད་པ་བཞིན། ཁྱེད་རང་བཞུད་ཤུལ་ནའང་མཛེས་སྡུག་གླེང་མཁན་མང་ལ། དྲི་ཞིམ་ཚོར་མཁན་ཡང་ཇེ་མང་རེད། ཇེ་མང་རེད།

      ཁང་པ་སེང་སྐྱ་དེའི་ནང་གི་ཁ་བཏགས་ཀྱིས་བཏུམ་པའི་ཕུང་བོ་དང༌། སྒེའུ་ཁུང་ཕྱི་རོལ་ན་སྐྱེས་པའི་མེ་ཏོག་འདི་དག་ལ་བལྟས་ཀྱིན་བལྟས་ཀྱིན། ངས་ཁྱེད་ལ་ལག་གཡུག་བྱེད་དགོས་བྱུང༌། ག་ལེར་ཕེབས་ཨང་ཞེས་སེམས་ནས་བརྗོད་བཞིན། ལག་གཡུག་བྱེད་དགོས་བྱུང༌།

      ཁྱེད་ལ་འོད་སྣང་ཡོད་པར་སྨོན།
      ཁྱེད་ལ་འོད་སྣང་ཡོད་པར་སྨོན།
༢༠༡༡ ༦ ༢༢ ཉིན།
                   
                           འབྲོག་མོ། རྡ་ས།
ཨ་མ། ང་འཇིག་རྟེན་འདིར་བག་མར་ཡོང་དུས། ཁྱེད་ཀྱི་བརྩེ་སེམས་འཁྱིལ་བའི་ཞལ་རས་ཐོག་མར་མཐོང་བྱུང་ལ། ཁྱེད་ཀྱི་ཕྱག་ཟུང་འཇམ་པོའི་དྲོད་ཁོལ་གྱིས་བྱིལ་བྱིལ་བྱེད་ཐེངས་རེར། ང་གཏན་དུ་ཁྱེད་ཀྱི་བྲང་གཞུང་དུ་བཅར་ན་འདོད། ཡིན་ནའང༌། ལོ་ཟླའི་འཁོར་བསྐྱོད་བར་ནས། ཐོལ་བྱུང་གི་འཚུབ་རླུང་ཞིག་གིས་ངའི་བྱམས་ལྡན་གྱི་ཨ་མ་ཁྱེད་གར་སོང་ཆ་མེད་དུ་གྱུར།  ཨ་ཕས་བཤད་ན། ཁྱེད་རྩྭ་ཐང་དང་བར་ཐག་རིང་བའི་གྲོང་ཁྱེར་ཞིག་ན། ཞྭ་མོ་སེར་པོ་ཞིག་གྱོན་ཏེ་འཚོ་བ་གསར་བ་ཞིག་གི་མགོ་བརྩམས་འདུག་ཟེར། ཨ་མ་ལགས། དངོས་གནས་དུས་དེ་ནས་བཟུང༌། ངས་ཁྱེད་ཀྱི་ཞལ་རས་རབ་རིབ་ཙམ་ལས་མཐོང་མ་ཐུབ་ལ། ཁྱེད་ཀྱི་བྱམས་པའི་ངག་གི་དབྱངས་རྟ་དེ་གཏན་དུ་ཐོས་རྒྱུ་མ་བྱུང༌།
          ཨ་མ་ལགས། ངས་ཀ་ཁ་བློ་ལ་སྐྱོར་བའི་ལོ་ཟླ་དེར། ཨ་ཕ་ནོར་གནག་དང་ལྷན་དུ་ཁ་ཆར་བུ་ཡུག་གི་གདུག་རྩུབ་འོག་ན། ཉིན་མོའི་མྱི་དང་མཚན་མོའི་ཁྱི་བྱས་ཏེ་རྒྱུག་འདུར་བྱེད་ཀྱིན། སློབ་གླིང་གི་ང་སེམས་པས་བསྐྱོར་ཏེ་སྨོན་ལམ་གྲངས་མེད་ཀྱི་ལོངས་སྤྱོད་བསྩལ། ཨ་ཕའི་གཞོམ་ཞིག་བྲལ་བའི་གཅེས་སེམས་དྲོན་མོས་ངའི་ཚེ་སྲོག་ལ་དབྱར་གཞུང་གི་མཛེས་སྡུག་ལྟ་བུའི་རྨི་ལམ་བསྐྲུན་བྱུང༌། དེ་བས་ཨ་ཕ་ཁོ་ན་ངའི་མི་ཚེའི་སྐྱབས་མགོན་དུ་གྱུར་བས། དྲིན་ཅན་ཕ་ལོའི་འདས་ཟིན་པའི་ལོ་ཟླའི་འགྲོས་ལ་བསམས་ན། སྡང་སེམས་ཀྱི་མེ་ལྕེ་བཙན་པོས་ཨ་མ་ཁྱེད་ཐེངས་མང་གསོན་སྲེག་བྱས་མྱོང༌།
          ཨ་མ་ལགས། ང་སྦྲ་ནག་དང་གྱེས་ཏེ་བགྲང་བྱ་དུ་མ་འགོར་ཡོད་ལ། ངས་ཡོད་ཚད་སེམས་ཁོང་དུ་སྒོམ་ནས་ཀྱང་ཡུན་རིང་འགོར་ཐལ། མི་ལོ་ཉེར་དྲུག་གི་བགྲོད་ལམ་སྐྱ་མོར་ཡང་སྐོར་བསྐྱར་སྐོར་གྱིས་བསམ་གཞིག་བྱས་རྗེས། ད་གཟོད་ཨ་མ་ཁྱེད་ཉིད་ཀྱང་སེམས་ཀྱི་གྲུ་ཟུར་རེ་ནས་དལ་གྱིས་འཛུལ་ཡོང་གི། ཨ་མ། དུས་དེ་རིང༌། ངས་རང་སེམས་ལ་ལག་པས་རེག་གྱིན་ཁྱེད་ལ་སེམས་གཏམ་ཞིག་བཤད་ན་འདོད་བྱུང༌། ཨ་མ་ལགས། ངས་ཡུལ་གྱར་གྱི་འཚོ་བའི་ཀློང་ནས་ཁྱེད་ཉིད་དྲན་བཞིན་ཡོད་ལ། རྨི་ལམ་མག་མོག་གི་གསེབ་ནས་ཀྱང་ཁྱེད་ཉིད་འཚོལ་བཞིན་ཡོད། ཨ་མ་ལགས། བརྩེ་སེམས་ཀྱི་གཏིང་རིམ་ན་ངས་ཁྱེད་གཞི་ནས་རྙེད་བྱུང༌། སེམས་ཀྱི་དབྱངས་རྟ་འདི་ཁྱེད་ཀྱི་ཞིང་དུ་བཞུར་འོང་ན་ང་ལ་ངག་འཇམ་པོས་ཡང་ཡང་འབོད་རོགས་གནང༌།

འཁྲེང་སེམས།                                     

ཚེ་རིང་ལྷ་མོ།  ཤེས་རབ་དགའ་ཚལ་སློབ་གླིང༌།
         
          ཟླ་འོད་དབེན་ལ། སྐར་ཚོགས་ཉུང་བའི་མཚན་མོ་འདིར། དགོང་ཚོགས་གྲོལ་དུས། ང་སྔར་བཞིན་ཁང་ཀླད་དེ་ན་ཡོད། ང་སྔར་ལྟར་གྲུ་ཁ་དེ་ན་ཡོད།

          ངས་མཐོང་བའི་སྐར་ཚོགས་ནི་རི་འདབས་ཀྱི་གྲོང་ཚོ་ན་ཆེམ་པའི་གློག་འོད་ཡིན་ལ། ངས་དྲན་ཀློང་གི་ཟླ་བ་ནི་རི་སྒང་གི་ཁང་ཆུང་ན་བཞུགས་པའི་ཁྱེད་ཉིད་ཡིན།

          ངའི་མཐོང་ལམ་གྱི་སྐར་ཚོགས། ངའི་སེམས་ནང་གི་ཟླ་བ། དོ་དགོང་ཡང་མདང་སོང་བཞིན་གྲོང་ཚོ་འདི་གར་ཆེམ་དགོས་བྱུང༌། ནམ་ཞིག་གི་ཚེ་རྒྱང་རིང་སྦྲ་མཐའི་མཚན་ལྗོངས་སུ་སྔར་བཞིན་ཆེམ་ན་ཆོག་གམ།

ཨ་མ། ངས་ཁྱོད་གཞི་ནས་རྙེད་བྱུང༌།
                           འབྲོག་མོ། རྡ་ས།
ཨ་མ། ང་འཇིག་རྟེན་འདིར་བག་མར་ཡོང་དུས། ཁྱེད་ཀྱི་བརྩེ་སེམས་འཁྱིལ་བའི་ཞལ་རས་ཐོག་མར་མཐོང་བྱུང་ལ། ཁྱེད་ཀྱི་ཕྱག་ཟུང་འཇམ་པོའི་དྲོད་ཁོལ་གྱིས་བྱིལ་བྱིལ་བྱེད་ཐེངས་རེར། ང་གཏན་དུ་ཁྱེད་ཀྱི་བྲང་གཞུང་དུ་བཅར་ན་འདོད། ཡིན་ནའང༌། ལོ་ཟླའི་འཁོར་བསྐྱོད་བར་ནས། ཐོལ་བྱུང་གི་འཚུབ་རླུང་ཞིག་གིས་ངའི་བྱམས་ལྡན་གྱི་ཨ་མ་ཁྱེད་གར་སོང་ཆ་མེད་དུ་གྱུར།  ཨ་ཕས་བཤད་ན། ཁྱེད་རྩྭ་ཐང་དང་བར་ཐག་རིང་བའི་གྲོང་ཁྱེར་ཞིག་ན། ཞྭ་མོ་སེར་པོ་ཞིག་གྱོན་ཏེ་འཚོ་བ་གསར་བ་ཞིག་གི་མགོ་བརྩམས་འདུག་ཟེར། ཨ་མ་ལགས། དངོས་གནས་དུས་དེ་ནས་བཟུང༌། ངས་ཁྱེད་ཀྱི་ཞལ་རས་རབ་རིབ་ཙམ་ལས་མཐོང་མ་ཐུབ་ལ། ཁྱེད་ཀྱི་བྱམས་པའི་ངག་གི་དབྱངས་རྟ་དེ་གཏན་དུ་ཐོས་རྒྱུ་མ་བྱུང༌།
          ཨ་མ་ལགས། ངས་ཀ་ཁ་བློ་ལ་སྐྱོར་བའི་ལོ་ཟླ་དེར། ཨ་ཕ་ནོར་གནག་དང་ལྷན་དུ་ཁ་ཆར་བུ་ཡུག་གི་གདུག་རྩུབ་འོག་ན། ཉིན་མོའི་མྱི་དང་མཚན་མོའི་ཁྱི་བྱས་ཏེ་རྒྱུག་འདུར་བྱེད་ཀྱིན། སློབ་གླིང་གི་ང་སེམས་པས་བསྐྱོར་ཏེ་སྨོན་ལམ་གྲངས་མེད་ཀྱི་ལོངས་སྤྱོད་བསྩལ། ཨ་ཕའི་གཞོམ་ཞིག་བྲལ་བའི་གཅེས་སེམས་དྲོན་མོས་ངའི་ཚེ་སྲོག་ལ་དབྱར་གཞུང་གི་མཛེས་སྡུག་ལྟ་བུའི་རྨི་ལམ་བསྐྲུན་བྱུང༌། དེ་བས་ཨ་ཕ་ཁོ་ན་ངའི་མི་ཚེའི་སྐྱབས་མགོན་དུ་གྱུར་བས། དྲིན་ཅན་ཕ་ལོའི་འདས་ཟིན་པའི་ལོ་ཟླའི་འགྲོས་ལ་བསམས་ན། སྡང་སེམས་ཀྱི་མེ་ལྕེ་བཙན་པོས་ཨ་མ་ཁྱེད་ཐེངས་མང་གསོན་སྲེག་བྱས་མྱོང༌།
          ཨ་མ་ལགས། ང་སྦྲ་ནག་དང་གྱེས་ཏེ་བགྲང་བྱ་དུ་མ་འགོར་ཡོད་ལ། ངས་ཡོད་ཚད་སེམས་ཁོང་དུ་སྒོམ་ནས་ཀྱང་ཡུན་རིང་འགོར་ཐལ། མི་ལོ་ཉེར་དྲུག་གི་བགྲོད་ལམ་སྐྱ་མོར་ཡང་སྐོར་བསྐྱར་སྐོར་གྱིས་བསམ་གཞིག་བྱས་རྗེས། ད་གཟོད་ཨ་མ་ཁྱེད་ཉིད་ཀྱང་སེམས་ཀྱི་གྲུ་ཟུར་རེ་ནས་དལ་གྱིས་འཛུལ་ཡོང་གི། ཨ་མ། དུས་དེ་རིང༌། ངས་རང་སེམས་ལ་ལག་པས་རེག་གྱིན་ཁྱེད་ལ་སེམས་གཏམ་ཞིག་བཤད་ན་འདོད་བྱུང༌། ཨ་མ་ལགས། ངས་ཡུལ་གྱར་གྱི་འཚོ་བའི་ཀློང་ནས་ཁྱེད་ཉིད་དྲན་བཞིན་ཡོད་ལ། རྨི་ལམ་མག་མོག་གི་གསེབ་ནས་ཀྱང་ཁྱེད་ཉིད་འཚོལ་བཞིན་ཡོད། ཨ་མ་ལགས། བརྩེ་སེམས་ཀྱི་གཏིང་རིམ་ན་ངས་ཁྱེད་གཞི་ནས་རྙེད་བྱུང༌། སེམས་ཀྱི་དབྱངས་རྟ་འདི་ཁྱེད་ཀྱི་ཞིང་དུ་བཞུར་འོང་ན་ང་ལ་ངག་འཇམ་པོས་ཡང་ཡང་འབོད་རོགས་གནང༌།

བྱམས་ལྡན་གྱི་ཨ་མ།
མེ་སྒྲོན། ས་རཱ་མཐོ་སློབ།

          བརྩེ་དུང་ཟབ་མོའི་འོ་མཚོ་འཁྱིལ་ཞིང༌། བྱམས་ལྡན་དྲོད་ཀྱི་རླངས་པ་འཐུལ་བའི་ངའི་ལུས་སྦྱིན་གྱི་བདག་མོ། ཁྱེད་ཡོད་པས་ངའི་འཇིག་རྟེན་ན་བདེ་སྐྱིད་ཀྱི་འོད་སྣང་འཚེར་ཞིང༌། ངའི་ཚེ་སྲོག་ལ་བློ་སྤོབས་ཀྱི་རིན་ཐང་རྙེད། འོན་ཀྱང༌། ཁྱེད་ཉིད་འདི་ལྟར་ཁུ་སིམ་མེར་བཞུད་སོང་བ་ནི། ངའི་བསོད་ནམས་ཀྱི་ཕུང་པོ་ཟད་སོང་བ་ཡིན་ངེས། དུས་དེ་ནས་བཟུང་ང་ལ་ལྡན་པ་ནི། དྲན་གདུང་གི་ན་ཟུག་དང༌། སྐྱོ་གར་གྱི་མཆི་མ། ནོངས་འགྱོད་དང་སྡུག་ཡུས་ཀྱིས་གཙེས་པའི་སྨྲེ་ངག་ཉག་གཅིག་སྟེ། མདོར་ན། འོད་སྣང་ཡལ་བའི་མུན་དོང་དང་སྟོང་ལྷང་ལྷང་གི་གཡང་གཟར་ཞིག་ལས་མ་འདས།
རེད་ཡ། ལས་དབང་གི་དཀྱོགས་མཚམས་ཤིག་ནས། ང་རང་ཁྱེད་ཀྱི་འཛུམ་མདངས་དང༌། ཁྱེད་ཀྱི་མཛའ་བརྩེ་ལ་སོགས་བརྒྱབ་ཏུ་དོར་ཏེ། ཆེས་ཁ་ཐག་རིང་ས་ཞིག་ཏུ་གྱར་དགོས་བྱུང༌། འོན་ཀྱང༌། ངའི་ཡིད་ཀྱི་མཚོ་མོའི་ངོས་སུ། རྟག་ཏུ་གསལ་བ་ནི་ཟླ་བའི་འོད་སྣང་བཞིན། ལྷད་མ་འདྲེས་པའི་ཁྱེད་ཀྱི་ལྷག་བསམ་དང་མཛའ་བརྩེ། མ་ཟད། ངའི་མདུན་ལམ་དང༌། བདེ་སྡུག་གི་ཆེད་དུ། བླང་དོར་གྱི་གནས་ལ་སྨིན་པའི་བསླབ་བྱ་དག་ནི། ལེགས་ཉེས་ཀྱི་རྒྱལ་སྒོ་འབྱེད་པའི་སྡེ་མིག་ཅིག་ཏུ་སྒོམ་ནས། ངའི་སྙིང་མཚམས་ཀྱི་རུམ་ཁ་ནས་རྟག་ཏུ་ཉར་བཞིན་ཡོད།
ཨ་མ་ལགས། ལོ་ཟླ་དེ་དག་གི་ནང༌། ངས་མ་ཎི་བཞིན་བཟློས་ལ་རྨི་ལམ་བཞིན་འཆར་བ་ནི་ངེས་མེད་གྱི་དུས་ཚེགས་ཤིག་ན། བདག་སླར་ཡང་ཁྱེད་ཀྱི་གམ་དུ་སོང་ནས། དྭངས་གཙང་ལྷད་བྲལ་གྱི་མ་བུའི་བརྩེ་དུང་གི་འོ་ཆུ་སླར་ཡང་འཐུང་ན་འདོད་པ་མ་ཟད། ངའི་ཡོད་ཚད་ཁྱེད་ལ་ཕུལ་ཏེ། ཁྱེད་ཀྱི་རེ་འདུན་མ་ལུས་བསྒྲུབས་པར་གཞོལ་བའི་དམ་བཅའ་སྙིང་དུ་བཅངས་ཡོད། འོན་ཀྱང༌། སྙིང་རྗེ་བྲལ་བའི་ལས་ཀྱི་རླུང་བུ། གདུག་རྩུབ་ཀྱི་མཆེ་བ་རྣོ་དྲགས་པས། ངའི་རེ་ཞགས་གསོན་པོ་རླུང་ལ་བསྐུར་ཞིང༌། རེ་སེམས་དམར་པོ་གཏན་ཏུ་རྨས། འདི་ནི། སེམས་ལྡན་པ་ཞིག་གིས་བསམ་མི་ཕོད་ལ། ཚོར་ལྡན་པ་ཞིག་གིས་དེ་བས་བཟོད་ག་ལ་ཐུབ།
གང་ལྟར། ང་རང་ཉིད་འཁོར་བའི་ཆོས་ཉིད་ལས་ལྡོག་ཏུ་མེད་དུས། ངས་ཕམ་ཁ་འཁུར་དགོས་ངེས། དེས་ན། ངས་བསམ་ཕོད་པ་གཅིག་པོ་ནི་སྲིད་པ་ལ་མཐའ་མེད་དུས། སླར་ཡང༌། ཁྱེད་དང་ང༌། ཕྱོགས་ངེས་མེད་ཅིག་ནས་བརྩེ་དུང་གི་རོ་བཅུད་ལྷན་དུ་བཏུང་བའི་བསྐལ་བཟང་ཞིག་ལྡན་པར་སྨོན།



རང་ཉིད་རང་ཉིད་ཀྱིས་གསོད་མི་རུང་།

གཟུངས་ཕྱུག་སྐྱིད། རྡ་ས།

གནའ་བོའི་མཐོ་སྒང་གི་ཁྱིམ་གཞིས་བཟུང་ནས་འོང་བའི་ང་ཚོ་ནི་ལོ་རྒྱུས་རིང་ཞིང་རིག་གནས་རང་རྐྱ་ཐུབ་པའི་མི་རིགས་ཤིག་ཡིན། ང་ཚོའི་མེས་པོ་གོང་མ་དག་གིས་རང་ཉིད་ཀྱི་བློ་གྲོས་ལ་བསྟེན་ནས་རང་གི་བླ་སྲོག་གསར་བསྐྲུན་བྱས་ཤིང་།རང་ཉིད་ཀྱི་སྙིང་སྟོབས་ལ་བསྟེན་ནས་རང་གི་ཁྱིམ་གཞི་རྒྱ་བསྐྱེད་ཀྱང་བྱེད་མྱོང་།ཡིན་ནའང་དུས་རབས་ཀྱི་ཉམ་རྒུད་མང་དུ་བྱུང་བས་རྐྱེན་གྱིས་ང་ཚོ་ཁ་འཐོར་ཅན་དང་གཞན་བསྟུན་གྱི་ཕྱོགས་སུ་བསྐྱོད་མགོ་བརྩམས་པ་རེད་ལ།ལྷག་པར་ང་བརྒྱད་ལོའི་བཙན་འཛུལ་ཆེན་མོས་ ང་ཚོའི་དྲོད་སྣང་འཁྱིལ་བའི་ཁྱིམ་གཞི་ཀུན་ནས་དཀྲོགས་ཤིང་།དུས་ཡུན་རིང་བོར་གསོག་འཇོག་བྱས་ནས་འོང་བའི་རྩ་ཆེ་རིག་གནས་ཀྱི་ཉིང་བཅུད་མང་པོ་ཐལ་རྡུལ་གྱིས་ཟིན་ཞིང་ཆར་རླུང་གིས་འཇིག་པར་བྱེད་པའི་ཉེན་ཁ་ཚབས་ཆེན་བཟོས་ཡོད།དེ་འདྲའི་ཉམ་ང་བའི་གོད་ཆག་ཆེན་པོས་མཐོ་སྒང་གི་ཡུལ་གྲུ་ཡོད་ཚད་ནག་འཐོམས་སེ་བཏང་ཞིང།དུས་ཡུན་མང་པོར་ང་ཚོའི་མཐོང་སྣང་ན་འོད་དུ་འཚ ེར་བའི་ཤེས་རིག་གི་མར་མེ་དེ་རེ་ཞིག་ལ་གཟིམ་པར་བྱས་མྱོང་།སྐབས་དེར་བོད་ཀྱི་སྤྱི་ཚོགས་ལ་ཐེབས་པའི་བཙན་འཛུལ་གྱི་གནོད་སྐྱོན་སྤྱི་དང་ལྷག་པར་དུ་ལྔ་བརྒྱད་ལོའི་མུ་གེ་དང་།ལོ་བཅུའི་རིག་གནས་གསར་བརྗེ་ཆེན་མོ་སོགས་ཆེས་མུན་ནག་དང་སྡུག་རྩུབ་ཆེ་བའི་ཟིང་འཁྲུག་དག་གིས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་སྤྱི་ཚོགས་ཧྲིལ་པོ་ཡོམ་ཡོམ་དུ་སྒུལ་ཞིང་མགོ་མེད་གཡམ ་རྒྱུག་གི་ཁོར་ཡུག་ཞིག་ཏུ་བསྒྱུར་མྱོང་བ་ཡང་ཚང་མས་ཤེས་གསལ་ལྟར་རེད།ཡིན་ནའང་དེའི་རྗེས་ཀྱི་ལོ་རབས་བདུན་ཅུའི་རྗེས་སུ་དགོན་སྡེའི་རིག་གནས་ཀྱི་མ་རྐང་མཐུག་པའི་བོད་མི་ལྷག་བསམ་ཅན་མང་པོ་ཞིག་གི་འབད་བརྩོན་དང་སྐུལ་འདེད་ལ་བསྟེན་ནས་ཆད་ལ་ཉེ་བའི་ང་ཚོའི་རིག་གནས་ཀྱི་དབུགས་རྒྱུན་སླར་ཡང་གསོས་ཐུབ་པར་བྱུང་བ་མ་ཟད། དྲག་པོའི་བཙན་དབང་གིས་འགྱེལ་དུ་བཅུགས་པའི་མི་རིགས་འདི་ཡང་བསྐྱར་ལངས་སུ་བཅུགས་པ་རེད།ཁོང་རྣམ་པའི་བོད་མི་རིགས་དང་རིག་གཞུང་ལ་བཅངས་པའི་བརྩེ་སེམས།ད་དུང་་མི་རིགས་ཀྱི་ཤ་ཞེན་སོགས་ནི་ཇི་འདྲའི་བློ་ངོར་མི་ཤོང་བ་ཞིག་རེད་ཨང།རྒྱུ་མཚན་ཁོང་རྣམ་པས་བག་ལ་ཉལ་བའི་མི་རིགས་ཤིག་གི་རྣམ་ཤེས་ལ་ཡང་བསྐྱར་གསོན་ཤུགས་རྒྱས་སུ་བཅུགས་སོང་བས་མིན་ནམ།ད་ལྟ་དཔུང་ར ྡང་ཤིག་ཤིག་གིས་བསྐྱོད་བཞིན་པའི་མི་རབས་གསར་བ་འདི་དག་འདི་ལྟར་སྐྱེད་སྲིང་བྱས་སོང་བས་མ་ཡིན་ནམ།འདི་ནི་ད་ལྟའི་ང་ཚོར་ལྷག་པའི་མི་རིགས་ཀྱི་འཐབ་རྩོད་ལ་གཞིགས་ནས་བཤད་ན་ཆེས་སྤོབས་པ་དང་ང་རྒྱལ་སྐྱེས་འོས་པ་ཞིག་མིན་ནམ།ང་ཚོས་ནམ་ཡང་ཁོང་རྣམ་པའི་མཛད་རྗེས་དང་ལྷག་སེམས་ལ་གོང་བཀུར་བྱེད་འོས།
ཡིན་ནའང་ད་སྐབས་ཀྱི་བོད་མི་མང་པོ་ཞིག་དེ་ལས་ལྡོག་སྟེ་རང་སྨད་གཞན་སྨོན་ལ་ཞོགས་ཤིང་།རང་ལྟ་བདག་འཛིན་ཤུགས་ཆེ་བའི་ཕྱོགས་སུ་གོམས་བཞིན་ཡོད་པས།རང་ཉིད་ཀྱི་སྲོག་རྩ་རང་ཉིད་ཀྱིས་སྒོག་བཞིན་འདུག་ལ།རང་ཉིད་ཀྱི་མགོ་བོ་རང་ཉིད་ཀྱིས་གཅོད་བཞིན་འདུག ཁ་སང་དེ་རིང་གི་དུས་འདིར་བོད་ཕྱི་ནང་གཉིས་ནས་བླ་ཆེན་དང་དཔོན་ཆེན་ཁག་ཅིག་ཁ་ཕྱི་ཕྱོགས་སུ་ཞོགས་ནས་རང་རང་གི་འཇོན་ཐང་ངོམ་བཞིན་ཡོད།དེ་བཞིན་བོད་མི་ཤེས་ཡོན་ཅན་དང་ཆེད་ལས་པ་དག་གིས་ཀྱང་མགོ་ཕྱི་ཕྱོགས་སུ་འདོགས་བཞིན་འདུག  མི་རིགས་ཤིག་གི་མདུན་ལྗོངས་ལ་ཉེན་འཚུབ་ཆེ་བའི་དེ་རིང་གི་དུས་འདིར་བླ་མ་ཚོས་ཆོས་གསུངས་ས་ཕྱི་ཕྱོགས་ཡིན་ལ།དཔོན་པོ་ཚོའི་སྲིད་བཤད་ས་ཡང་ཕྱི་ཕྱོགས་རེད།ད་དུང་མཁས་པ་ཚོས་ལུང་འདྲེན་ས་ཡང་ཕྱི་ཕྱོགས་རེད་ལ།དབུལ་བོ་ཚོས་བྲོ་སློང་ས་ཡང་ཕྱི་ཕྱོགས་རེད།འདི་ལྟར་བླ་གྲྭ་ཚོ་གཟི་མདངས་འཁྱུག་གེ་ཕྱི་ཕྱོགས་སུ་ཕེབས་སོང།དཔོན་པོ་ཚོ་དཔུང་རྡང་ཤིག་ ཤིག་ཕྱི་ཕྱོགས་སུ་བུད་སོང་།མཁས་པ་དང་ཤེས་ཡོན་ཅན་ཚོ་ཡང་རྣམ་རིག་གསལ་ལེ་ཕྱི་ཕྱོགས་སུ་བུད་སོང།འདི་ལྟར་ང་ཚོ་ཚང་མ་ཕྱི་ཕྱོགས་སུ་མོས་ཤིང་ཕྱི་ཕྱོགས་སུ་དུངས་པ་ནི་དུས་རབས་ཀྱི་འཕོ་འགྱུར་ཞིག་ཏུ་བསམ་མོད།མི་རིགས་ཤིག་གི་བདག་དབང་ཡོངས་སུ་ཤོར་ཚར་བའི་ང་ཚོ་ལ་མཚོན་ན།དེ་ནི་ཆེས་ཁ་འཐོར་ཅན་དང་ཆེས་གཞན་བསྟུན་ཅན་དུ་འགྲོ་བའི་ལམ་ཁ་ཉག་ཅིག་མིན་ནམ།འོ་ན་ང་ཚ ོ་ཚང་མ་འདི་ལྟར་བུད་སོང་བའི་ཤུལ་ན་ཅི་ཞིག་ལྷག་ཡོད།ཁ་ཆར་བུ་ཡུག་གི་འགྲམ་ལྕག་སྒོམ་བཞིན་པའི་ཡུལ་མི་གླེན་པ་ཚོ་ཡོད།ཤེས་རིག་གི་སྐར་ཁུང་མ་་མཐོང་བའི་རྒན་རྒོན་གཤིས་འཇམ་ཚོ་ཡོད།གནས་ཡུལ་ན་མིག་ཆུ་གཏོང་བཞིན་པའི་བུ་མོ་ཉམ་ཆུང་ཚོ་ཡོད།ད་དུང་གྲོང་མཐའི་ཆང་ཁང་ན་འཁྱམས་པའི་ཕོ་གསར་ཀླད་སྟོང་ཚོ་ཡོད།ཨ་མེས་ཀྱི་ཐུ་འོག་ན་རྫི་གཡོག་ལ་གོམས་པའི་བྱིས་པ་ལོ་ཆུ ང་ཚོ་ཡོད།དེས་ན་ཁོ་ཚོ་ལ་ཅི་ཞིག་ཡོད་དམ། ཕ་མེས་ཀྱིས་གནང་བའི་དྲོད་ལམ་ལམ་གྱི་སེམས་པ་ལས་ཅི་ཡང་མེད།རང་སྲོག་གཏའ་མར་འབུལ་ཕོད་པའི་ཞུམ་མེད་ཀྱི་སྙིང་སྟོབས་ལས་ཅི་ཡང་མེད།འདི་ཙམ་ཞིག་གིས་གཡོ་ཟོལ་ནག་པོར་དགུ་མདུད་རྒྱག་བཞིན་པའི་གཞན་གྱི་དབང་བསྒྱུར་ལ་ཡ་ལན་བྱེད་ཐུབ་བམ།འདི་ཙམ་གྱིས་ཆུ་ཀློང་བཞིན་བརྡོལ་བཞིན་པའི་དུས་རབས་འདིའི་འགལ་འདུ་མང་པོ་ཞིག་གི་གཏིང་མཐའ་མཐོང་ཐུབ་བམ།འདི་ཙམ་གྱིས་ཆབ་སྲ ིད་ཀྱི་འཁྲུག་ཆ་དོད་པའི་འཁོར་རྒྱུག་རེ་རེར་ལ་རྒྱུས་ལོན་ཇི་ལྟར་བྱེད།དེ་བས་འདར་ལྕིག་ལྕིག་གི་ཁོ་ཚོར་ཅི་ཞིག་མཁོ་འམ།དྲང་བདེན་དང་ཁྲིམས་ལུགས་རང་བཞིན་གྱི་རྒྱབ་སྐྱོར་ཞིག་དགོས་ལ།དེ་བཞིན་གཏིང་ཟབ་པའི་ཆབ་སྲིད་ཀྱི་གཞུང་ལུགས་ལས་ལག་ལེན་དངོས་ལ་ཞུགས་ཕོད་པའི་རྒྱབ་སྐྱོར་དང་སྐུལ་དེད་དགོས།དེ་ལྟར་མིན་ཚེ་ད་ལྟ་ང་ཚོའི་གྲས་ཀྱི་ལོ་ན་མཐོ་བའི་བོད་མི་ལྷ ག་བསམ་ཅན་དང་ཤ་ཞེན་ཅན་མང་པོ་ཞིག་དུས་ཀྱི་འགྲོས་དང་བསྟུན་ནས་ང་ཚོ་དང་གཏན་དུ་གྱེས་་བཞིན་ཡོད་ལ།ཤུལ་དུ་ལྷག་པའི་ཤེས་འཇོན་གཉིས་ལྡན་གྱི་བོད་མི་གཞོན་སྐྱེས་པ་མང་ཤོས་ཞིག་འདི་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་རང་གི་སྤྱི་ཚོགས་དང་ཁ་ཐག་རིང་དུ་འགྲོ་བཞིན་པའི་སྣང་ཚུལ་འདིས་ཅི་ཞིག་སྟོན་གྱིན་འདུག འདི་ལས་མིག་འབྲས་བཞིན་གཅེས་པར་འོས་པའི་ང་ཚོའི་མ་འོངས་པའི་བདག་པོ་ག་ཚོད་ཅིག་ལ་རང་ཉིད་བོར་དགོས་པའི་ཁ ཕྱོགས་ཤིག་ལ་ཁྲིད་བཞིན་ཡོད་ལ།ང་ཚོ་རྗེས་ཤུལ་ན་ན་ཟུག་དང་འུ་ཐུག་གིས་འཚོ་བཞིན་པའི་བོད་མི་ག་ཚོད་ཅིག་ལ་ ཅི་འདྲའི་བློ་ཕམ་དང་ཡིད་ཆད་ཀྱི་གདུང་བ་སྐྱེས་སུ་བཅུག་ཡོད་ཨང་།ལྷག་པར་མི་རིགས་ཤིག་གི་ཡོད་ཚད་ལ་འཇིག་ཉེན་བྱུང་བའི་དེ་རིང་།ང་ཚོས་འདི་ལྟར་རང་ཉིད་ནར་སོན་སའི་ཕ་ཡུལ་དྲོན་མོ་རྒྱང་དུ་བསྐྱུར་ཅིང་རང་གི་ཤ་ཁྲག་རུས་གསུམ་ལ་འཐིམ་ཟིན་པའི་རིག་གཞུང་ཡལ་བར་དོར་ནས།མི་རིགས་གཞན་དང་གཞན་གྱི་རིག་གཞུང་ལ་བརྩི་མཐོང་བྱེད་པའི་ཁ་ཕྱོགས་ཤིག་འདེམས་བཞིན་པ་འདིས། ང་ཚོའི་མཐར་གཏུགས་ཀྱི་འཚོ་གནས་དང་བདག་དབང་ལ་ཁ་ཕྱོགས་ག་འདྲ་ཞིག་བསྐྲུན་ཐུབ་བམ།མདོར་ན་ད་ལྟའི་ང་ཚོའི་གྲས་ཀྱི་མང་པོ་ཞིག་གིས་རང་ཉིད་ནམ་ཡང་གཞན་དག་ལ་འཐིམ་རྒྱུའི་སྟ་གོན་བྱེད་བཞིན་འདུག་ལ།གཞན་དག་ལ་སྐྱབས་བརྟེན་བྱེད་པའི་འདུ་ཤེས་ཤིག་བསྐྲུན་བཞིན་འདུག་པས།ད་ནི་ང་ཚོས་ཀྱང་འདིའི་སྐོར་ལ་བཅོས་བསྒྱུར་དང་ཁ ་ཕྱོགས་གཞན་ཞིག་བཙལ་རན་འདུག།རྒྱུ་མཚན་མི་རིགས་ཤིག་རྒྱུན་རིང་དུ་གནས་པ་ལ་དང་པོ་རང་ཉིད་ལ་རང་ཉིད་ཀྱི་རང་རྐྱ་ཐུབ་པའི་སྤྱི་ཚོགས་ཁོར་ཡུག་ཅིག་ངེས་པར་དགོས་ལ།་དེ་བཞིན་དུ་རང་གི་ཤེས་རིག་ལ་བསྟེན་ནས་རང་ཉིད་ཀྱི་བསམ་བློ་གསར་བ་ཞིག་ཀྱང་བཞེངས་བསྐྲུན་བྱེད་དགོས།འདི་ལྟར་བྱས་ཚེ་གཞན་གྱི་བཙན་དབང་དང་དྲག་གནོན་ཇི་འདྲའི་རྩུབ་ཀྱང་ང་ཚོའི་བླ་སྲོག་གི་རུས་ རྐང་འཇིག་མི་སྲིད་པས།ང་ཚོས་རང་ཉིད་ཀྱི་ཁྱིམ་གཞི་འཛུགས་པའི་དམིགས་ཡུལ་དང་ཐབས་ལམ་མང་པོ་ད་དུང་རྒྱང་དུ་བསྲིང་ཆོག་པ་མིན་ནམ།དེ་བས་ང་ཚོས་ནམ་ཡང་རང་ཉིད་རང་ཉིད་ཀྱིས་སྐྱོབ་དགོས་པའི་གནས་ལུགས་དེ་རྟོགས་པར་བྱས་ནས་རང་ཉིད་རང་ཉིད་ཀྱིས་གསོད་མི་རུང་བའི་གནས་ལུགས་དེ་ཡང་ཡང་བཙལ་རྒྱུ་ལས་གལ་ཆེ་བ་ཅི་ཞིག་ཡོད།
2009.4.18.



གཟུངས་འདུས་སྐྱིད། ས་རཱ་མཐོ་སློབ།
          “བྲང་ཁོག་ན་འབར་བའི་ཟུག་གཟེར་ལྕི་མོ་ཞིག་གིས་བདེ་སྣང་བཅོམ་ཞིང༌། སེམས་ཞབས་ན་འགྱུ་བའི་དུང་སྣང་སྐྱེན་པོ་དེ་བསླུ་བྲིད་རེད་དམ། འགྲེལ་བཤད་བྲལ་བའི་སྐྱོ་སྣང་བན་བུན་གྱིས་འགྲམ་ལྕགས་གཞུས་པས་འཁྱར་འཁྱོར་གྱི་གོམ་ཁ་དང་པོ་སྤོ་མགོ་ཚུགས་ཤིང༌། རེ་སྙེགས་ཀྱི་ཉག་སྐུད་དམར་པོས་དྲངས་ཏེ་ཟུངས་ཁྲག་གི་རིན་ཐང་དང་རིགས་ཞེན་གྱི་ལ་རྒྱ་ཁ་སྒོ་ནས་ལུད་མགོ་བརྩམས།”
གཅིག
རྣམ་ཤེས་རྙིང་པ་ཞིག་གིས་ངུ་སྐད་གསར་པ་བསྒྲགས་ཉིན་ནས་དུང་དཀར་ཐེངས་གཅིག་རྣ་ལ་ཐོས་པའི་སྐལ་བ་མེད་པར་བུ་མོ་ཞེས་པའི་ཐ་སྙད་འདིས་ཡབ་ཡུམ་ཟུང་ལ་བློ་འདོད་ཁེངས་པའི་བསམ་བློ་ཞིག་སྟེར་མ་ཐུབ་པ་མ་ཟད་དགུན་ཟླ་བཞིན་འཁྱག་པའི་ཁ་བ་སྤར་མོ་གང་བྲང་གཞུང་དུ་བླུགས་པ་ལྟར་ཡབ་ཡུམ་གཉིས་ཀྱི་ཐུགས་སེམས་གྲང་ཤུར་ཤུར། མི་ལུས་རིན་ཆེན་ཐོབ་པའི་རིན་ཐང་ཕར་ཞོག་ཐ་ན་སྒོ་ཁྱི་འདང་ཅན་ཞིག་གི་ཚེ་སྲོག་ལས་མ་རྙེད། མ་ཡུམ་ཚོ། ང་ཚོ་འདི་ལྟར་སྡོད་མི་རུང༌།
གཉིས།
རབ་རིབ་སབ་སིབ་ཀྱི་ལོ་ཟླ་སྐྱུར་མོའི་ཁྲོད་དུ་རང་སྟོབས་དང་གཞན་བརྒྱུད་ཅི་རིགས་ལ་བསྟེན་ནས་ནར་སོན་ཞིང་ཁྱེད་ཀྱི་ཚེ་སྲོག་གི་འདབ་མ་ལྗང་ཁུ་སྦྲ་འདབས་སུ་འཁུམས་ཤིང་འགྲོ་འདུག་སྤྱོད་གསུམ་ལ་རང་དབང་མེད་པར་སྒོ་ཁྱི་བཞིན་སྦྲ་སྒོ་བསྲུང་སྟེ་ཚུར་ཡོང་སྔུན་ནས་བསུས་ཤིང་ཕར་འགྲོ་གཞུག་ནས་བསྐྱལ། འདི་དག་ནི་ཕ་རོལ་ན་ཁྱོད་ལ་བདག་པ་རྨོངས་དད་ཀྱི་རྒྱན་གོས་རྙིང་པ་དང༌། དེའི་བར་སྲུབས་ནས་ཉིད་ལ་དབང་བ་ནོར་ལུག་གི་སུག་རྗེས་ཀྱི་དམངས་ཁྲོད་གཏམ་རྒྱུད་རྙིང་བ། དགའ་དུང་གི་མཛའ་གཞས་ཐ་ཐོར། མ་ཡུམ་ཚོ། ང་ཚོ་འདི་ལྟར་སྡོད་མི་རུང༌།
གསུམ།
འདེགས་མི་ཐུབ་པའི་ན་ཟུག་ལྕི་མོས་ཁྱེད་ཀྱི་མཛེས་མདངས་ཀྱི་ལང་ཚོ་བཅོམ་ཞིང་ཚེ་སྲོག་གི་རིན་ཐང་འཁྱག་ལ་སྦྱར་རུང༌། ཁྱོད་ནོར་ལུག་གི་སྐར་ཚོགས་ཀྱི་ཁྲོད་ན་མྱོས་ཤིང་སྐྱ་རེངས་ལྷ་མོའི་སྤྱན་ཆབ་ཀྱི་འདབས་སུ་འཕྱོ། ཡིན་ནའང་རྟ་ནོར་ལུག་གསུམ་ནི་ཁྱེད་ཀྱི་ཡོད་ལ་ངེས་དགོས་པའི་དབྱངས་གསལ་སོ་བཞི་དང་རྩྭ་ཐང་གི་ལྕི་བ་ལེབ་མོ་ཁྱེད་ཀྱི་སྙན་ངག་གི་སྒྱུ་རྩལ་དཀྲོལ་ས། འཚེར་མོ་ལུ་གུའི་འབའ་སྒྲ་ཡིད་ལ་འཇགས་དགོས་པའི་སུམ་རྟགས་ཀྱི་རྩ་ཚིག་བཞིན། མ་ཡུམ་ཚོ། ང་ཚོ་འདི་ལྟར་སྡོད་མི་རུང༌།

བུད་མེད།





ཨ་མ། ངས་ཁྱོད་གཞི་ནས་རྙེད་བྱུང༌།
       འོ་ཐིགས། བྷེང་ལོར།
      བུད་མེད་ནི་གང་ལྟར་སྐྱེས་པ་ཚོའི་འཚོ་བ་དང་ འབྲལ་ཐབས་མེད་པའི་དབུགས་ཀྱི་རྒྱུ་བ་དེ་ཡིན་དགོས། སྐྱེས་པ་ཞིག་ལ་མཚོན་ན་བུད་མེད་ནི་རྙེད་དཀའ་བའི་ལེགས་སྐྱེས་ཤིག་དང་མཚུངས་ཤིང༌། བུད་མེད་ཡོད་པ་ནས་སྐྱེས་པ་ཚོའི་འཇིག་རྟེན་ལ་དུས་རྟག་ཏུ་སྤྲོ་སྣང་གསར་པའི་འཛུམ་བག་གིས་ཁེངས་ཡོད།
      ཁྱེད་ཀྱིས་བུད་མེད་ལ་རྨོ་མོ་ལགས་ཞེས་འབོད་དུས། བུད་མེད་ཀྱིས་ཁྱེད་ལ་གནའ་དེང་གི་འཚོ་བའི་བདུད་རྩི་སྟེར་ཞིང༌། འཛད་མེད་ཀྱི་ལྷ་སྒྲུང་ཁྲོད་ནས། ཁྱེད་རང་བདེ་བ་ཅན་གྱི་ཞིང་དུ་འཁྲིད་ངེས་པས། བུད་མེད་ནི་ཁྱེད་ཀྱི་སེམས་ཀྱིས་དུང་བའི་མ་ཡུམ་གྱི་མ་ཡུམ་དེ་ཡིན་དགོས།
      ཁྱོད་ཀྱིས་བུད་མེད་ལ་ཨ་མ་ལགས་ཞེས་འབོད་དུས། བུད་མེད་ཀྱིས་ཁྱེད་ཀྱི་ཁ་རྣ་ལྕེ་ཡིས་ཕྱི་ཞིང༌། དྲོད་འཇམ་གྱི་གོས་བཟང་དང་ཟས་གང་ཞིམ་གྱི་ཐོག་མ་ཁྱོད་ལ་སྟེར་བས། བུད་མེད་ནི་ཁྱོད་ཀྱི་བླ་ན་མེད་པའི་མ་ཡུམ་དེ་ཡིན་དགོས།
      ཁྱེད་ཀྱིས་བུད་མེད་ལ་སྲིང་མོ་ཞེས་འབོད་དུས། བུད་མེད་ཀྱིས་ཁྱེད་ལ་དགའ་ལྷང་ལྷང་གིས་རྩེ་རོགས་བྱེད་ཅིང༌། ཁྱོད་དང་བློ་ཐག་ཉེ་ལ་ཁྱོད་ཀྱི་མི་ཚེའི་ལོ་རྒྱུས་ཁྲོད་གཡོལ་ཐབས་མེད་པའི་ཆ་ཤས་སུ་གྱུར་བ་ནས། བུད་མེད་ནི་ཁྱོད་ཀྱིས་ཆེས་གཅེས་པའི་སྲིང་ཆུང་དེ་ཡིན་དགོས།
      ཁྱེད་ཀྱིས་བུད་མེད་ལ་གྲོགས་མོ་ཞེས་འབོད་དུས། བུད་མེད་ཀྱིས་ཁྱོད་ཀྱི་སེམས་པའི་ཕྱི་ནང་ནས་ཡིད་སྟོན་གྱི་བསླབ་བྱ་གྱེར་ཞིང༌། ཁྱོད་སེམས་འཁོར་སའི་མེ་ཏོག་གི་ལྡུམ་ར་བསྐྲུན་ལ། འགྲོགས་འདྲེས་བཟང་བའི་མི་ཚེའི་འགྲུལ་བཞུད་ལ་མཛེས་སྡུག་གི་ཁ་དོག་བསྣམས་པས། བུད་མེད་ནི་ཁྱོད་ཀྱི་འཚོ་བ་དང་འབྲལ་ཐབས་མེད་པའི་གྲོགས་ཀྱི་དྭངས་མ་དེ་ཡིན་དགོས།
      ཁྱོད་ཀྱིས་བུད་མེད་ལ་དགའ་མ་ཞེས་འབོད་དུས། བུད་མེད་ཀྱིས་ཁྱེད་ལ་བརྩེ་སེམས་འོ་མ་དཀར་པོའི་རྒྱ་མཚོ་ལས། མི་གཡོ་རི་རྒྱལ་ལྷུན་པོའི་བརྩེ་འདང་དེ་འཁྱེར་ནས་ཁྱེད་ལ་སྒུག་ཞིང༌། སྐྱིད་སྡུག་སྒྱུ་མ་འཕྲུལ་གྱི་ལེ་ཚན་ལ་མཉམ་རོལ་བྱེད་པས། བུད་མེད་ནི་ཁྱོད་ཀྱིས་བསྐྱུར་མི་ཕོད་པའི་སེམས་ཀྱི་ཕྱེད་ཀ་དེ་ཡིན་དགོས།

མ་ཡུམ་དྲ་ཚིགས་ཀྱི་འཁྲུངས་སྐར་ལ་ཕུལ་བ། ཀླུ་སྨྱོན་ཧེ་རུ་ཀ

རང་བྱུང་ཁམས་ཆེན་པོ་ལྟ་བུའི་མ་ཡུམ་ཚོའི། ནམ་མཁའ་ལྟ་བུའི་བྱམས་བརྩེ་དང་། ས་གཞི་ལྟ་བུའི་ཕྱག་ཟུང་། རྒྱ་མཚོ་ལྟ་བུའི་སྤྱན་ཆབ་ཀྱིས་ཆེ་རུ་གསོས་པའི་ང་ཚོས། རང་གི་མ་ཡུམ་དག་ལ་དྲིན་ལན་ཅི་ཞིག་འཇལ་ཡོད། རང་གི་མ་ཡུམ་དག་གི་དྲིན་ལན་ཇི་ལྟར་འཇལ་རྩིས་ཡོད། ཀྱེ། བདག་གི་སྙིང་ཉེ་བའི་གྲོགས་པོ་དག

མ་ཡུམ་དྲ་བའི་དབུ་འབྱེད་ལ་བཅོས་མིན་སྙིང་ནས་རྟེན་འབྲེལ་ཞུ། ལྷ་ཆབ་སྦྱིན་པས།

རང་རེའི་བཙན་བྱོལ་སྤྱི་ཚོགས་འདི་འཁྲུག་ཆ་དོད་དུ་ཕྱིན་པ་དང་མཉམ་དུ་གཞུང་སྒེར་སྣ་ཚོགས་ཀྱི་རྩོམ་རིག་གི་དྲ་བ་སོགས་ཀྱང་དེ་བཞིན་དུ་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་འོང་གི་འདུག འདས་པའི་ལོ་གཅིག་གི་ནང་ཚུན་ལ་ཡང་རྣམ་པ་མི་འདྲ་བའི་དྲ་བ་ཁག་དུ་མ་ཞིག་བྱུང་བའི་ཁྲོད་ཐད་ཀར་སྤྱི་ཚོགས་ལ་ཤུགས་རྐྱེན་ཡོད་པ་ཞིག་ཅི་བས་དཀོན་ནའང་། དེ་རིང་རྒྱལ་སྤྱིའི་སྐད་ཡིག་གི་ཉིན་མོར་སྟབས་བསྟུན་ནས་༼མ་ཡུམ༽ཞེས་པའི་དྲ་བ་འདི་བོད་རིགས་བུད་མེད་རྣམས་ལ་ཆེད་དུ་དམིགས་ནས་དབུ་འབྱེད་བྱས་པར་བཅོས་མིན་སྙིང་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ཏུ། མ་འོངས་པར་འདི་དང་འདི་བརྒྱུད་ནས་བོད་རིགས་བུད་མེད་རྣམས་ཀྱིས་འདས་པའི་མེས་པོའི་སྲོལ་རྒྱུན་ལས་རང་གི་རིགས་ལ་དམའ་འབེབ་དང་མཐོང་ཆུང་ཅི་བྱས་ཀྱི་ཉམས་མྱོང་ལ་བརྟེན་ནས། གསར་གཏོད་དང་སྒྱུ་རྩལ། དམིགས་འབེན་ཡོད་པ་ཞིག་གི་ལམ་ཁ་སྙེག་ཐུབ་པའི་བཀྲ་ཤིས་བདེ་ལེགས་ཞུ།

མ༵་ཡུམ༵་དྲ་རྒྱ་ལ་ཕུལ་བའི་ཤིས་ཚིག་དང་འབོད་སྐུལ། དགེ་བཤེས་བེ་རི་འཇིགས་མེད།

མ༵་ཡུམ༵་གངས་ཅན་གྱི་ཞིང་ཁམས།། མ༵་རབས་རྒྱ་དམར་གྱིས་འཕྲོགས་ཀྱང་།། མ༵་འཁྱོགས་དྲང་ཐིག་གི་རི་མོ།། མ༵་ཆད་དྲ་ཐོག་ནས་གསལ་འོང་།། མ༵་ལོའི་འོ་མ༵་ཡིས་གསོས་པའི།། མ༵་སྤུན་བོད་རིགས་ཀྱི་མི་དམངས།། མ༵་བཅོས་སེམས་ཁམས་ཀྱི་རི་མོ།། མ༵་སྦས་དྲ་ཐོག་ལ་ཁོད་དང་།།

རྒན་བསོད་ནམས་རྒྱལ་མཚན་གྱིས་མ་ཡུམ་དྲ་ཚིགས་ལ་གནང་བའི་ཤིས་ཚིག

རྟེན་འབྲེལ་ཞུ། སེམས་ཁུང་གི་ཀུན་རྟོགས་ཀྱི་འདབ་མ་རེ་རེ། མཁའ་དབྱིངས་སུ་རྩེན་པའི་ཆུ་འཛིན་གཞོན་ནུ་དང་བསྡེབས་ནས། མཐའ་ཡས་པའི་བློ་གསར་པ་མང་པོ་ཞིག་གི་འདབ་མ་གྲོལ་བའི་སྨོན་འདུན་ཞུ།

ཨ་འཇམ་གྱིས་མ་ཡུམ་དྲ་བར་གནང་བའི་ཤིས་ཚིག

མ་ཡུམ་ནི་མིའི་རིགས་ཀྱི་གཙང་བོའི་འགོ་ཁུངས་ཤིག མ་ཡུམ་ནི་བྱམས་བརྩེའི་རྨང་གཞི་འདིང་མཁན་གྱི་ཞི་བདེའི་ནམ་མཁའ་ཞིག མ་ཡུམ་ནི་འཚོ་བའི་བར་སྣང་ཕྱེ་བའི་སྐྱ་རེངས་ཀྱི་སྒོ་གླགས་ཤིག འདི་ལྟར་མ་ཡུམ་ནི་འཚོ་གནས་ཀྱི་ཁོར་ཡུག་ནས་མེད་དུ་མི་རུང་བའི་མ་ཡུམ་ཞིག་སྟེ། འདི་ལྟར་མ་ཡུམ་གྱི་དྲ་རྒྱ་དབུ་བརྙེས་པ་ཡང་སྤྲོ་སེམས་ཁོལ་བའི་ངང་རྟེན་འབྲེལ་ཞུ། ༢༠༡༡ ༢ ༢༣ ལ་གོང་ས་ཏཱ་ལའི་བླ་མ་མཐོ་སློབ་ནས་ཨ་འཇམ་གྱིས།

མ་ཡུམ་དྲ་ཚིགས་ཀྱི་སྐྱེས་སྐར་ལ་ཕུལ་བའི་ཤིས་ཚིག གཟུངས་ཕྱུག་སྐྱིད།

རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་དག་སྣང་གིས་བཞེངས་ནས།། ཡུམ་ཆེན་བྲག་གི་སྲིན་མོའི་རྣམ་ཐར་ནས་བརྩམས་ཏེ།། མ་གཅིག་ལབ་ཀྱི་སྒྲོན་མའི་མཛད་རིམ་ལ་གཞིགས་ཚེ།། སྐྱེད་ཡུམ་ལྷ་མོའི་ཚོགས་ཀྱི་རྟོགས་བརྗོད་དེ་མཚར་ཨང་།། འབྲོ་བཟའ་ཁྲི་མ་ལོད་ཀྱི་དཔའ་མཛངས་དེ་བཙལ་ནས།། བཙན་མོ་སད་མ་ཀར་གྱི་བློ་བཀོད་ལ་བསྔགས་བཞིན།། ཚེ་སྤོང་མེ་ཏོག་བཟའ་ཡི་མཁྲེགས་འཛིན་ལ་བསམ་ན།། ན་རིམ་བཙུན་མོའི་ཚོགས་ཀྱི་ལོ་རྒྱུས་དེ་བརྗིད་ཨང་།། མྱང་ཚ་དཀར་རྒྱན་ཁྲོས་པའི་བློ་སྤོབས་ལ་དཔྱད་ཀྱིན།། ཨ་ཅེ་སྣང་ས་སྐྱོ་བའི་ངེས་འབྱུང་ལ་བརྟག་ནས།། གླིང་བཟའ་སེང་ལྕམ་འབྲུག་མོའི་སྐྱེས་འབྲས་ལ་བལྟས་ན།། གངས་ཅན་མ་ཡུམ་དག་གི་བཞུད་ལམ་འདི་རྨད་ཨང་།། བྱམས་བརྩེའི་དྲིན་གྱིས་བསྐྱངས་པའི་མ་རྒན་ནས་བརྩིས་ཏེ།། དགའ་བའི་འཛུམ་གྱིས་བསུ་མཁས་སྨན་ཤར་གྱི་གྲོགས་མོ།། འཇིག་རྟེན་བདེ་ལྡན་ཞིང་གི་ཁྱིམ་གཞིས་ལ་དཔག་ཚེ།། བདེ་སྦྱིན་མ་ཡུམ་ཚོགས་ཀྱི་དུངས་པ་དེ་འཕགས་ཨང་།། ད་ཡང་འཇིག་རྟེན་མི་ཡི་གྲལ་འགོ་ནས་ལངས་ཏེ།། ཤར་ནུབ་འཛམ་གླིང་ཟླུམ་པོའི་དཀྱིལ་དབུས་སུ་ཕེབས་ནས།། ༼མ་ཡུམ་དྲ་ཚིགས༽སྒེག་མོ་ལྷུག་ལྷུག་ཏུ་དགད་ཚེ།། ཕྱོགས་ཀྱི་མགྲོན་པོའི་ངག་གི་རམ་འདེགས་འདི་མཛེས་ཨང་།། ཞེས་པ་འདི་གསར་དུ་སྒོ་འབྱེད་གནང་བའི་མ་ཡུམ་དྲ་ཚིགས་ཀྱི་སྐྱེས་སྐར་ལ་བཀྲ་ཤིས་ཁ་བཏགས་ཤིག་གི་ཚུལ་དུ་གཟུངས་ཕྱུག་སྐྱིད་ཀྱིས་སྤྱི་ལོ་༢༠༡༡ལོའི་ཟླ་༢པའི་ཚེས་༢༡ཉིན་རྡ་རམ་ས་ལར་བྲིས།

མ་ཡུམ་དྲ་ཚིགས་ལ་ཕུལ་བའི་ཤིས་ཚིག་བཀྲ་ཤིས་འཁོར་ལོ་མ། ཐོར་རྒོད་པ་སྤྱན་ཆབ།

  ཁྱོད་ཀྱིས་གསུངས་པའི་རྨི་ལམ་དྭངས་མོ་གཅིག། ང་ལ་ཡོད་པའི་དམིགས་ཀྱི་རི་མོ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་ཚིག་གི་ལྷ་ཡིས་ངེད་གཉིས་སྲུངས།།  ཁྱོད་ཀྱིས་བསྙལ་བའི་ལོ་ཆང་བསིལ་མ་གཅིག། ང་ཡིས་འདོད་པའི་བཟི་ཁ་བཙན་པོ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་བདུད་རྩི་མཆོད་པའི་ངེད་གཉིས་བསྟོད།།  ཁྱོད་ཀྱིས་བོར་པའི་ཞེ་མདང་མདུད་པ་གཅིག། ང་ལ་མངའ་བའི་མགུལ་ལེ་དྲོན་མོ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་རྫས་ཀྱི་ཐག་པས་ངེད་གཉིས་ཆོངས།།  ཕྱི་ན་བཀྲ་ཤིས་འཛུམ་ཀྱི་མངར་ཁ་གཅིག། ནང་ན་བཀྲ་ཤིས་ཕན་པའི་དྲོད་ཁོལ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བོད་ཀྱི་མ་ཡུམ་དྲ་ཚིགས་ཁྲི་ལོར་ཤོག

ཐུགས་རྗེ་ཆེ་ཞུ།

ཁེ་ན་ཌ་གནས་བཞུགས་དྲ་རྒྱ་སྒྲིག་སྦྱོར་ཆེད་མཁས་པ་བསོད་ནམས་འོད་ཟེར་ལགས་ཀྱིས་ལྷག་བསམ་རྣམ་དག་གིས་ང་ཚོར་དྲ་བའི་མཐུན་རྐྱེན་དང་། དྲ་ཚིགས་སྒྲིག་སྦྱོར་ཐོག་ལམ་སྟོན་རོགས་རམ་གནང་བ་བཅས་ལ་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ། མ་ཡུམ་རྩོམ་སྒྲིག་པས།