མ་ཡུམ་རྩོམ་སྒྲིག་པ།

སློབ་སྟོན་པ། རྒྱལ་རོང་ཐུབ་བསྟན་ཆོས་སྒྲོན།
སྤྱི་ཁྱབ་རྩོམ་སྒྲིག་པ། མེ་འོད།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་འཚོ། ཚེ་རིང་ཆོས་སྒྲོན།
རྩོམ་སྒྲིག་པ། འབྲོང་དར་རྒྱས། བྱ་སྨྱོན་པ།
འབྲེལ་མཐུད་པ། རྒྱལ་རོང་པདྨ།

དྲ་ངོས་ཀློག་གྲངས།

About Me

མ་ཡུམ།
མ་ཡུམ་ཞེས་པའི་དྲ་རྒྱ་འདི་ནི་བུད་མེད་རྐྱང་བའི་རྩོམ་པ་པོ་རྣམས་ཀྱི་ཆེད་དུ་ཡིན་པ་དང༌། གཙོ་བོ་བུད་མེད་རྣམས་ཀྱི་བསམ་བློ་བརྗེ་རེས་བྱེད་སའི་སྟེགས་བུ་ཞིག་དང༌། བུད་མེད་རྣམས་ཀྱི་འདས་པའི་བྱུང་བ་དང་ད་ལྟའི་གནས་བབ། མ་འོངས་པའི་ཕུགས་བསམ་བཅས་གསལ་སྟོན་བྱེད་སའི་རང་དབང་གི་སྟེགས་བུ་ཞིག་ཀྱང་ཡིན། དྲ་རྒྱ་འདི་བུད་མེད་རྒན་གཞོན་དང༌། བཙུན་མ། སློབ་ཕྲུག་ཡོངས་ལ་གཏན་དུ་དབང༌།
View my complete profile

དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

འབྲེལ་གཏུགས་ཁ་བྱང་།

mayum2010@gmail.com

Blog Archive

ཟིན་བྲིས་འདིའི་བདག་དབང་ཆ་ཚང་མ་ཡུམ་དྲ་རྒྱ་ལ་ཡོད།. Powered by Blogger.

དཀར་ཆག


༥/༨ ཨ་མའི་དུས་ཆེན་ལ།

བོད་ཀྱི་མ་ཡུམ་ཚོ་གཙོས་པའི་གནམ་འོག་གི་ཨ་མ་ཚང་མར་འཚམས་འདྲི་ཞུ་བ་དང་། ཨ་མ་ཚོའི་མཐའ་མེད་པའི་བྱམས་སེམས་དང་གཏིང་ཟབ་པའི་བརྩེ་བ་ཡིས་འགྲོ་བ་མིའི་རིགས་ཀྱི་རང་བྱུང་ཁམས་ལ་བདེ་སྐྱིད་རྫོགས་ལྡན་ཐོབ་པར་སྨོན་འདུན་ཞུ།

Tuesday, August 30, 2011

བུ་མོའི་སྙིང་རྗེ་པོའི་བསམ་སྦྱོར་གཏམ་གསུམ།
                              འཇམ་དབྱངས་སྐྱིད།
      རྩོམ་པ་པོའི་གཏམ་ཐུང་ངུ༌། གྲོང་ཁྱེར་གྱི་ཕ་མ་ཚོས་རང་གི་བྱིས་པའི་ལུས་ཀྱི་སྟངས་སྟབས་དང་གདོང་གི་ཉམས་འགྱུར་པར་དུ་བླངས་ནས་དྲན་རྟེན་དུ་འཇོག་པ་རྒྱུན་པར་མཐོང༌། དེ་ནི་ལེགས་པོ་ཞིག་ཡིན་མོད་ཀྱི། སོ་སོའི་བྱིས་པའི་སེམས་ཁམས་ཀྱི་འགྱུར་བག་དང་མཚར་མཚར་གྱི་དྲི་བ། དྭངས་གཙང་གི་གཤིས་ཀ་བཅས་ཟིན་བྲིས་སུ་བཏབ་ན་དེ་བས་ཅི་མི་ལེགས་སམ།
ཀ༽ ན་ནིང་ཟི་ལིང་དུ་བོད་ཀྱི་གླུ་རོལ་སླར་གསོ་བྱས་ལ། བུ་མོ་ཆུང་བ་དཀར་རྒྱན་ཡང་ཏག་ཏག་ལོ་གཉིས་ལ་སླེབས་ཙམ་ཡིན་པས་བོད་ཚོགས་དཻར་ཞུགས་རྒྱུའི་རྟགས་དང་རྟེན་འབྲེལ་བསྒྲིག་ཆེད། བདག་གིས་མོའི་ཨ་ཅེ་ལ་བོད་ལྭ་བཟོ་འཕྲོའི་རས་སྣེ་ཞིག་ཡོད་པ་སྒམ་ལས་བླངས་ཏེ། མོ་རང་ལ་བོད་ཆས་སྟོད་ཐུང་ཞིག་བཟོ་གྲབས་བྱས། རས་ལེབ་དེ་ཟས་ཅོག་སྒང་ལ་བཞག་སྟེ་ཁེ་གྲིས་གཅོད་གཏུབ་བྱེད་སྐབས་མོས་ཀྱང་ལག་གི་རྩེད་ཆས་རྣམས་བསྐྱུར་ཏེ་ངའི་གམ་དུ་ཡོང་ནས་བཟོ་ལྟ་དེར་ཅེར་འདུག་ ང་རང་འཚེམ་བཟོའི་ལས་ལ་གཞོལ་ཙང་མོའི་རྣམ་འགྱུར་ལ་མུ་མཐུད་དུ་བལྟ་ཁོམ་མ་བྱུང༌།
ཕྱི་ཉིན། ང་རང་ལས་ཀ་གྲོལ་ཏེ་ཁྱིམ་དུ་འབྱོར་མ་ཐག ཁྱོ་གས་ཁྱོད་འདིར་ཤོག་དང་ཞེས་སྐད་བརྒྱབ་པ་ཐོས། ངས་ཅི་བྱུང་ཟེར་ཞོར་ཉལ་ཁང་དུ་སོང་བ་ན། བུ་མོས་ཀུ་ཤུ་རྟགས་ཅན་གྱི་ཉལ་ཁྲིའི་རས་ཁེབས་གསར་རྐྱང་དེ་ལ་ཁེ་གྲིས་ཁུང་བུ་དྲུག་བདུན་ཙམ་དྲས་ཚར་འདུག དེ་མཐོང་བ་དང་རླུང་དྲག་པོ་ལངས་མུར་བུ་མོ་བཙན་ཐབས་ཀྱིས་ཉལ་ཁང་ནང་ཁྲིད་ཡོང་སྟེ། མཛུབ་མོས་ཉལ་ཁྲིའི་རས་ཁེབས་བསྟན་ནས། ངོ་ནག་བསྡུས་ཏེ་དྲང་མོར་ཤོད། འདི་སུས་བྱས་པ་ཡིན་ཟེར་ཞོར་མོའི་རྐུབ་ཆུང་སྟེང་ལ་ཐལ་ལྕག་ཚ་ཐག་ཆོད་པ་ལན་འགའ་གཞུས་པས་བུ་མོ་སྐྲག་ཐག་ཆོད་དེ་རྟབ་རྟབ་པོར་འོ་དོད་འབོད་བཞིན་ཨ་མྱེས་ཀྱི་གམ་དུ་བྲོས། རྟག་ཏུ་རང་གི་ལག་པ་ཀླད་པའི་སྔོན་ལ་ཤོར་འགྲོ་བའི་བྱ་སྤྱོད་འདིར་བློ་འགྱོད་ཡང་ཡང་སྐྱེས་བྱུང་ནའང༌། འདི་ང་རང་གི་བྱིས་དུས་སློབ་གསོ་དང་འབྲེལ་བ་དམ་པོ་ཡོད་ཕྱིར། ལམ་སེང་བསྒྱུར་ཐབས་བྲལ་སོང༌། ཤ་གསེང་རུས་རྐང་ལ་ཐིམ་པའི་སྲོལ་ངན་གང་ཞིག་ཡོ་བསྲང་བྱེད་རྒྱུ་དེ་སྡོང་རྒན་རྒས་པོ་སྲོང་བོར་བྱེད་པ་ལྟར་དཀའ་བ་འབུམ་གྱིས་ཁེངས། ཅི་སྟེ་དེ་འདྲ་ཡིན་ནའང༌། ང་ཚོ་ནི་འཇིག་རྟེན་གྱི་ཕ་མ་ཡིན་པས་ལམ་ནོར་ལྡོག་ཤེས་བྱེད་རྒྱུ་ནི་གནད་དམ་པ་རེད་སྙམ།
ཁ༽དཀར་རྒྱན་ཟླ་དྲུག་ཙམ་གྱི་སྟེང་དུ་ཕ་ཡུལ་བ་མདོ་རུ་བསྐྱལ་བ་ཡིན། མོ་རང་ལོ་གཉིས་ཙམ་ལ་སླེབས་མཚམས་བདག་གི་ཕ་རྒན་གྱི་ལུས་པོ་དེ་འདྲ་མ་བདེ་བས་ཟི་ལིང་སྨན་ཁང་དུ་བསྟེན་ཕྱིར་ཞོར་དུ་བུ་མོའང་ཁྲིད་ཡོང༌། ཁོ་མོ་ཡང་བྱིས་པ་གཞན་དང་འདྲ་བར་ལན་རེར་སྤྲོ་ལ་ལན་རེར་ཁྲོ་བའི་བྱིས་བློས་མངོན་པར་ཕྱུག་པ་ཞིག་ཡིན། མི་ཚང་མ། བྱབྱཨ་བ་ཨ་མབྱབྱ ཟེར་ནས་སྡིགས་མོ་བྱེད་པ་རེད། ངས་སུས་དེ་ལྟར་ལབ་ཀྱིན་འདུག་ཅེས་དྲིས་སྐབས། མོས་ཨ་ཞང་གིས་དེ་ལྟར་ལབ་ཟེར། དེ་ནས་ངས་སྐད་ཆ་དེ་ནི་མི་ལ་སྡིགས་མོ་བྱེད་པ་རེད། དེ་ལྟར་བཤད་མི་ཉན་ཟེར་ནས་ཁ་ཏ་བྱས། ཡིན་ཡང་མོ་རང་ད་དུང་ལོ་ཆུང་བསམ་མེད་ཡིན་གཤིས་མུ་མཐུད་དུ་གཞན་ལ་ཨ་བ་ཨ་མ་ཟེར་བར་མ་ཟད། ལོ་བརྒྱད་ཅུར་སོན་པའི་བདག་གི་ཕ་རྒན་ལ་ཡང་དེ་ལྟར་སྡིགས་མོ་བྱེད། དེ་བས་ངའི་བཟའ་ཟླས་ཁྱོད་ཀྱིས་ཁ་ཏ་ལ་མི་ཉན་པ་གང་ཡིན་ཟེར་ནས་ཐེངས་རེ་གཉིས་ཙམ་ལ་གཅར་རྡུང་ཙམ་ཡང་བྱས།
     དེ་ནས་ཅུང་མ་འགོར་བའི་ཉིན་ཞིག་གི་དགོང་མོར། བདག་གི་བུ་མོ་ཆེ་བ་གཡང་འཛོམས་བཟང་མོ་སློབ་གྲྭ་གྲོལ་ནས་ལོག་ཡོང་མ་ཐག ཨ་མ། ཨ་མ། དེ་རིང་ང་ཚོའི་འཛིན་གྲྭའི་སློབ་གྲོགས་ཤིག་གི་རོལ་ཆས་གླིང་བུ་རིང་པོ་སྒོར་སྟོང་དྲུག་རི་བ་ཞིག་སློབ་གྲོགས་གཞན་ཞིག་གིས་བརྐུས་སོང་ཟེར་བ་ན། བདག་་ཀྱང་འཚུབ་ཆ་ཞིག་དང་ཆབས་ཅིག་ཅི་བཤད་འདི་བཤད་མེད་པར། བྱབྱཨ་བ་ཨ་མབྱབྱ དེ་སུ་ཞིག་གིས་ཁྱེར་བ་ཡིན་ནམ་ཞེས་ཁ་ནས་ཤོར། ཏག་ཏག་སྐབས་དེར་བུ་མོ་དཀར་རྒྱན་ཡང་ངེད་གཉིས་དང་མཉམ་དུ་ཡོད་པས། ཁོ་མོས་སྐད་གསང་མཐོན་པོས། བྱབྱཨ་ཕ། ཨ་མས་ཀྱང་ཨ་བ་ཨ་མ་ཟེར་གྱིན་འདུག་བྱབྱཟེར། དེ་མ་ཐག་མོའི་ཨ་ཕ་དཔེ་ཁང་དུ་འཛུལ་ཡོང་ནས་ བྱབྱཁྱོད་ཀྱིས་དེ་ལྟར་བྱས་ན་བྱིས་པར་ཇི་ལྟར་སློབ་གསོ་གཏོང་རྒྱུ་བྱབྱ ཟེར་ནས་ང་ལ་སློབ་གསོ་བཏང༌། སྐབས་དེ་ལ་ངས་རང་སྐྱོན་ཁས་མ་བླངས་པ་མ་ཟད། རང་ཉིད་ནོར་བཞིན་དུ་ངན་ཁག་བུ་མོའི་སྟེང་དཀྲིས་ཏེ། འདྲེ་ཕྲུག བཤད་ཁ་མ། མར་སོང་ཟེར་ནས་ད་དུང་བུ་མོའི་སྟེང་ལ་འཚིག་པ་ཟོས་པ་ཡིན། ནམ་རྒྱུན་འཚོ་བའི་ཁྲོད་དུ་ང་རང་དོན་དག་དེ་དང་དེ་འདྲ་གང་མང་ལ་འཕྲད་བཞིན་འདུག སྐྱོན་ངོས་ལེན་དང་ཡོ་བསྲང་བྱེད་རྒྱུ་ནི་རང་གི་ལུས་སྟེང་གི་ཇི་ཞིག་གཅོད་པ་ལྟར་ཧ་ཅང་མི་བདེ་བའི་ཚོར་བ་སྟེར། དེ་ནི་རང་ཉིད་རྫོངས་མཐུག་པའི་སྲོལ་རྒྱུན་སློབ་གསོའི་ཁོར་ཡུག་ཁྲོད་འཚར་ལོངས་བྱུང་བར་འབྲེལ་བ་མེད་མི་སྲིད་ཀྱང༌། ད་ནི་གཞན་སུ་ལའང་ཁག་མི་དཀྲི་བར་རང་སྐྱོན་ཁས་ལེན་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན་པར་འདོད།
ག༽ ད་ལྟ་བུ་མོ་དཀར་རྒྱན་ལོ་གསུམ་ལྷག་ལ་སླེབས་འདུག་པས། གནས་ལུགས་བཤད་ན་ཏོག་ཙམ་བརྩི་བར་མ་ཟད། མ་བསམ་ས་ནས་གཞན་ལ་ལད་ཟློས་དང་དྲི་བ་ལན་མེད་ཀྱང་འདོན་པ་རེད། དེ་ཕལ་ཆེར་ལོ་ཚོད་འདིའི་བྱིས་པའི་ངང་ཚུལ་ཡིན་ཚོད་རེད། ཁེ་ཉིན་མོའི་ཨ་ཕ་དཀྱིལ་དཀྲུང་དུ་གདན་ལ་བསྡད་དེ་ཟས་ཅོག་སྟེང་གི་ཁམ་བུའི་ཚི་གུ་དེ་བསྟན་ནས་བུ་མོར་རང་གི་གད་སྙིགས་རྣམས་རང་གིས་གཙང་སྦྲ་བྱས་ན་ཡག་རབས་བཤད་སྐབས་མོས་ལན་དུ། འོ་ན་དེ་ཁྱོད་ཀྱིས་ཀྱང་ཟོས་པ་ཡིན་པས་མི་བྱེད་པ་གང་ཡིན་ཟེར་ནས་ལན་མེད་དུ་བཏང༌།
ང༽ཟི་ལིང་ལ་སླེབས་པའི་ཉིན་འདི་དག་གི་རིང་ལ་བུ་མོ་དཀར་རྒྱན་ཅོག་ཙེའི་སྟེང་དུ་བསྡད་ནས་བརྙན་འཕྲིན་ལ་བལྟ་བའི་སྲོལ་ཞིག་ལོབས་འདུག ངས་མོ་ལ་དེ་ལྟར་བྱས་ན་མི་ཡག་པའི་བརྡ་བསྟན་པ་ན། མོས་ཨ་ཅེ་ཡང་བརྙན་འཕྲིན་ལྟ་སྐབས་སུ་ཅོག་ཙེ་སྟེང་བསྡད་འདུག་ཟེར། བདག་ཡིད་མ་ཆེས་པར་མོའི་ཨ་ཅེ་ལ་དྲིས་པ་ན་བདེན་པ་ཡིན་ཟེར། མ་ཟད་བུ་མོ་འདིས་ངས་ཇི་བྱས་ཐམས་ཅད་ལ་ལད་ཟློས་བྱེད་རྒྱུར་དགའ་པོ་འདུག་ཟེར།
ཅ༽ན་ནིང་དགུན་ཁར་གྲང་རླུང་འུར་འུར་ལྡང་བའི་ཕྱི་དྲོ་ཞིག་ལ། བདག་གིས་དཀར་རྒྱན་པང་ནས་ཁྲོམ་ར་ལ་ཅ་དངོས་ཙག་ཙིག་ཉོ་རུ་སོང༌། ཕྱིར་ལོག་སྐབས་ལག་ཏུ་ཅ་དངོས་མང་བས་མོ་རང་པང་ཐབས་བྲལ་ཏེ་ལག་གཡོན་པར་ཅ་ལག་བཟུང་ཞིང་ལག་གཡས་པས་བུ་མོ་འཁྲིད། ལམ་བར་དུ་རླུང་འཚུབ་ཆེ་བས་ཀྱང་གོམ་པ་འདེགས་འཇོག་དཀའ་བའི་ཚད་དུ་སླེབས། སྐབས་ཤིག་བུ་མོ་ཁོང་ཁྲོ་ལངས་ཏེ་ཁ་ནས་མར་སོང་ཟེར་ཞོར་ཅི་ཞིག་ལ་རྡོག་བརྫིས་བྱེད་བཞིན་འདུག བདག་གི་སེམས་སུ་མདུན་ན་མི་དང་ཅ་དངོས་ཅི་ཡང་མེད་པས་མོས་སུ་ལ་རྡོག་བརྫིས་རྒྱག་པ་ཡིན་ནམ་སྙམ་བཞིན། ཁྱོད་ཀྱིས་ཅི་བྱེད་ཀྱི་ཡོད་ཅེས་འདྲི་ཞོར་མོའི་བཟོ་ལྟ་ལ་མཉམ་འཇོག་བྱས་པ་ན། མོས་རླུང་འཚུབ་ལ་རྡོག་བརྫིས་རྒྱག་བཞིན་པ་གཞི་ནས་ཤེས།
ཆ༽དགོང་མོ་ཞིག་ལ་བུ་མོ་ངེད་གཉིས་ཀྱིས་བྱིས་པའི་བརྙན་འཕྲིན་ཞིག་ལ་ལྟ་སྐབས། བརྙན་འཕྲིན་དུ་མིག་ལ་འཚེར་བའི་སྐར་མ་མང་པོ་བར་སྣང་དུ་རྒྱུ་བ་མཐོང༌། མོས་བར་སྣང་དུ་ཅི་ཞིག་ལ་སྐར་མ་འཚེར་བ་རེད་ཅེས་གློ་བུར་དུ་དྲིས། ངས་དེ་འཕྲལ་ལོབས་ཕྱོགས་ཀྱིས་གང་འདོད་དུ་ལན་ཞིག་འདེབས་འདོད་ནའང༌། སེམས་ལ་ཨ་མ་གཞན་ཞིག་གིས་དེ་ལྟར་རང་སྣང་གང་ཤར་གྱིས་ལན་ལོག་མ་བཏབ་པར་བསྟུན། རང་གི་བྱིས་པ་ཕུལ་བྱུང་ཅན་དུ་གྱུར་པའི་གནས་ཚུལ་དེ་ཡིད་ལ་དྲན།
ཇ༽ཉིན་ཞིག་བུ་མོ་དཀར་རྒྱན་ཁྲིད་དེ་སྲང་ལམ་དུ་འགྲོ་སྐབས། བུད་མེད་སྦྲུམ་མ་ཞིག་ཁ་གཏད་ནས་ཡོང་བ་དང་འཕྲད། བདག་གིས་བུ་མོར་ཁྱོད་ཀྱིས་ལྟོས་དང༌། ཨ་མས་ཀྱང་ཁྱོད་རང་འདི་ལྟར་ཟླ་དགུ་ཞག་བཅུ་ལ་སྦྲུམ་རྗེས་ད་གཟོད་བཙས་པ་རེད་ཟེར་བ་ན། བུ་མོས་ལོ་ལོ་༼བྱིས་པ་༽ཨ་མའི་གྲོད་ཁོག་ནང་དུ་ཇི་ལྟར་འཛུལ་བ་རེད་ཟེར། བདག་གིས་ལོ་དུ་མའི་སྔོན་ལ་བལྟས་མྱོང་བའི་༼བྱིས་པའི་ཤེས་རབ་སྐྱེད་པའི་སློབ་གསོ་༽ཟེར་བའི་དཔེ་ཆའི་ནང་དེ་ལ་ལན་ཞིག་ཡོད་པ་ཡིད་ལ་མག་མོག་ཅིག་དྲན་ཡང་གསལ་པོ་སེམས་ལ་མ་ཤར་བས་རེ་ཞིག་བཏང་སྙོམས་སུ་བཞག
ཉ༽ དཀར་རྒྱན་ལོ་གཅིག་ལྷག་ཡིན་དུས་མོས་ངའི་ལག་གཡོན་པར་རྡོ་རྗེ་ཕ་ལམ་གྱི་མཛུབ་དཀྲིས་ཤིག་གོན་ཡོད་པ་དེ་བསྟན་ནས་ཨ་མ་འདི་ཅི་རེད་ཅེས་དྲིས། བདག་གིས་བུ་མོར་དེ་རིན་པོ་ཆེ་རྡོ་རྗེ་ཕ་ལམ་རེད་ཅེས་བཤད། དེའི་རྗེས་མོ་རང་དགར་སྡོད་སྐབས། མཚམས་རེར་བར་སྣང་དུ་ལག་སྙོབ་བྱེད་ཅིང༌། ངས་ཨ་མའི་གཡས་ལག་སྟེང་ལའང་
རྡོ་རྗེ་ཕ་ལམ་གྱི་མཛུབ་དཀྲིས་ཤིག་འཛིན་རྒྱུ་ཡིན་ཟེར་བ་རེད།
ཏ༽ ཉིན་ཞིག་བདག་གིས་རྒྱ་སྲང་དུ་བུ་མོར་རྩེད་ཆས་ཁ་སྦྲེང་ཞིག་ཉོས། ཕྱིར་ནང་ལ་ལོག་སྐབས་མོས་རླངས་འཁོར་དུ་མཚམས་མི་འཇོག་པར་ཁ་སྦྲེང་འབུད་གི་འདུག མཚམས་ཤིག་ལ་ཁ་སྦྲེང་དེའི་སྒྲ་སྦོམ་པོ་དེར་འདི་ཨ་ཁུའི་སྐད་རེད། ཡང་སྒྲ་ཅུང་ཕྲ་བ་དེར་འདི་་ཨ་ནེའི་སྐད་རེད་ཟེར། བུ་མོའི་སྐད་ཆ་དེ་ཐོས་པ་ན་བདག་གིས་ཀྱང་ཅི་མ་བདེན་སྙམ་བྱུང༌།
ཐ༽ དཀར་རྒྱན་ལོ་གཅིག་ལྷག་ཡིན་དུས་སུ། མོ་རང་གཉིད་ཁར་ངས་ཆུང་དུས་ཨ་མས་བདག་ལ་བླངས་མྱོང་བའི་བྱིས་པའི་གཉིད་གླུ་ཞིག་ཡོད་པ་དེ་བླངས། གཉིད་ཀོ་ལོག ཁབ་ཀོ་སྟེར། ཁབ་ལ་སྐུད་པ་བརྒྱུས་ནས་སྟེར། ཨ་མྱེས་བཟོ་བ་ཡོང་ན་ལྭ་བ་ཡག་པོ་བཟོ་ལ་སྟེར། ཨ་ཡེ་ལྷམ་མ་ཡོང་ན་ལྷམ་མགོ་ཡག་པོ་བཅོ་ལ་སྟེར། གནམ་གྱི་སྐར་མ་གཟུང་ལ་སྟེར། ས་ཡི་མེ་ཏོག་འབལ་ལ་སྟེར། ཙི་གུའི་རྔ་མ་གཅོད་ལ་སྟེར་ཟེར་སྐབས། བུ་མོས་ཙི་གུའི་རྔ་མ་མི་དགོས། ཙི་གུའི་རྔ་མ་བཅད་ན་ཙི་གུ་ཚ་གི་རེད་ཟེར་ཏེ་འུར་བརྒྱབ།
ད༽ ཁྱིམ་དུ་ཚ་ལུ་མའི་སྡོང་ཕྲུག་ཅིག་གསོས་ཡོད་པ་དེའི་མེག་ཀོང༌། ༼མེ་ཏོག་འདེབས་འཛུགས་བྱེད་སའི་རྫ་སོགས་ཀྱི་ཀོང་བུ་ལ་ཟེར།༽ཞིག་ཏུ་ཚ་ལུ་མའི་མྱུ་གུ་གསར་པ་ཞིག་སྐྱེས་འདུག བདག་གིས་དཀར་རྒྱན་ལ་འདི་ཚ་ལུ་མ་འདིའི་ཕྲུ་གུ་རེད། ཅེས་བཤད་མ་ཐག་བུ་མོས་ལན་དུ། ཨ་མ། འོ་ན་ཕྲུ་གུ་འདིའི་ཨ་ཕ་གང་ན་ཡོད་པ་རེད་ཟེར། བདག་གིས་ལན་ཇི་ལྟར་འདེབས་རྒྱུ་ཡིད་ལ་མ་དྲན། སྟབས་ལེགས་པ་ཞིག་ལ། ཚ་ལུ་མའི་སྡོང་པོའི་སྟེང་དུ་སྨིན་བཞིན་པའི་སིལ་ཏོག་མང་པོ་འདུག་པས་དེའི་ཁྲོད་ཀྱི་སིལ་ཏོག་གཅིག་བཏོགས་ཏེ་ནང་གི་འབྲུ་གུ་བཏོན་ནས་བུ་མོའི་ལག་ལ་བཞག་སྟེ་མེ་ཏོག་གི་གམ་དུ་བཏབ་རྗེས་མེ་ཏོག་ལ་ས་བོན་ལས་ཨ་ཕ་མི་དགོས་ཚུལ་བསྟན་པ་ཡིན།
ན༽ ཉིན་འདི་འགའི་རིང་དཀར་རྒྱན་ལ་མོའི་ཨ་ཕས། ཆུང་ཆུང་ཆུང་ནས་འདྲིས་པའི།། ཆུང་འདྲིས་སྒོག་པ་དཀར་པ།། ཕ་མས་སྒོག་ཤུན་བཤུས་ཀྱང༌།། ང་གཉིས་འབྲལ་འདོད་མི་འདུག།ཅེས་པའི་མགུར་ཞིག་བསླབས་ཚར་མ་ཐག་ཡིན། ཁ་སང་བུ་མོས་ཚ་ལུ་མ་ཞིག་གི་ཤུན་པགས་བཤུས་ཏེ་ཚ་སོ་ཕྲལ་ཞོར་ཕ་མས་སྒོག་ཤུན་བཤུས་ཀྱང༌། ང་གཉིས་འབྲལ་འདོད་མི་འདུག་ཅེས་རིགས་སྒྲེས་བྱེད་ཤེས་འདུག་པ་མཐོང༌། དེ་ནི་ཨ་མ་ཞིག་ལ་མཚོན་ན། ཧ་ཅང་དགའ་འོས་པའི་དོན་ཞིག་རེད།
པ༽ ཉིན་དེའི་སྔ་དྲོར་དཀར་རྒྱན་གྱིས་རི་མོ་ཐོག་མ་བྲིས་པ་ཁོ་མོའི་ཨ་ཕས་མཐོང་རྗེས་བསྔགས་བརྗོད་དང་ཆབས་ཅིག་རི་མོ་དེ་ཉལ་ཁང་གི་གྱང་ངོས་སུ་སྦྱར། དེའི་རྗེས་མོ་རང་དབུགས་འཚང་བཞིན་ཁྱིམ་དུ་སྡོད་མི་ཚུགས་པར་གྱུར་འདུག ཏག་ཏག་སྐབས་དེར་ཁྱིམ་དུ་མགྲོན་པོ་ཞིག་སླེབས་ཡོད་གཤིས་བདག་གིས་བུ་མོའི་བྱ་སྤྱོད་ལ་དེ་འདྲའི་དོ་སྣང་བྱེད་མ་ཐུབ། མགྲོན་པོ་སོང་རྗེས་སྣག་ཤུལ་རི་མོ་འདྲ་བ་མང་པོ་ཞིག་བར་ཁྱམས་ཀྱི་གྱང་ངོས་ཡོངས་སུ་སྦྱར་ཏེ་འབག་བཙོག་བཟོས་འདུག་པ་མཐོང༌། དང་ཐོག་འབག་བཙོག་གི་སྣང་ཚུལ་དེ་དག་མཐོང་དུས་ཅུང་ཙམ་ཁྲོས་ནའང༌། བུ་མོའི་བརྩོན་སེམས་བཅག་ན་འབྲས་བུ་ངན་པ་འབྱུང་ངེས་བསམ་བཞིན་ཁོང་ཁྲོ་བཙན་གྱིས་ཞི་བར་བྱས་པ་ཡིན།
ཕ༽ ཁ་སང་ཉིན་གུང་ཁ་ལག་ཟ་དུས། བུ་མོ་གཡང་འཛོམས་བཟང་མོ་སྔ་དྲོ་སློབ་གྲྭར་མ་སོང་བའི་ཁར། ཕྱི་དྲོ་ཡང་འགྲོ་མི་འདོད་ཅེས་བཤད་པ་ན། བུ་མོ་དཀར་རྒྱན་གྱིས། ཨ་ཅེ་ཁྱོད་ལག་ཆགས་འདུག་པས་སློབ་གྲྭར་འགྲོ་དགོས་གི་རེད། མ་སོང་ན་སྤྲང་ཕྲུག་ཏུ་འགྱུར་འགྲོ་བ་རེད། ང་ད་རུང་ཆུང་ཆུང་རེད། ཆེན་པོ་ཆགས་ན་སློབ་གྲྭ་ལ་འགྲོ་རྒྱུ་ཡིན་ཞེས་ལབ། རྒྱུ་རྐྱེན་གང་ཡིན་གསལ་བོ་མི་ཤེས་མོད། ཕྱི་དྲོ་དེར་བུ་མོ་གཡང་འཛོམས་བཟང་མོ་རང་འགུལ་གྱིས་སློབ་གྲྭར་བུད་སོང༌།
བ༽བུ་མོའི་ཨ་ཕས་ཁོ་མོར་ཉ་གང་ཟླ་བ་དང་ཚེས་རིས་ཀྱི་ཁྱད་པར་བཤད་དེ་ཡུན་རིང་མ་འགོར་བའི་ཞོགས་པ་ཞིག་ལ་ནངས་ཇ་འཐུང་སྐབས། ཨ་མ། ངའི་རྣ་ཅོག་འདི་སྒོར་སྒོར་ཞིག་ཨེ་རེད་ཟེར། ངས་ལན་དུ། སྒོར་སྒོར་ནི་ཉི་མའི་དབྱིབས་ལྟ་བུ་ལ་ཟེར་བ་རེད་ཅེས་བཤད་མ་ཐག་མོས་ང་ལ། འོ། ངའི་རྣ་ཅོག་ཚེས་རིས་དང་འདྲ། ཕྱེད་ཀ་ཞིག་ལས་མི་འདུག་ཟེར།
མ༽ དགོང་མོ་དེར་བདག་གིས་བུ་མོ་ཁྲིད་ནས་གཞུང་ལས་ཁང་དུ་གསར་འགྱུར་སྒྲ་ལེན་དུ་སོང༌། གསར་འགྱུར་ཞིག་གི་ནང་དུ་ཉ་མང་པོ་ཉ་རྒྱའི་ནང་ཚུད་དེ་ཆུ་ཁར་དྲུད་ཡོང་བ་མཐོང་བ་ན། བུ་མོ་ཡ་མཚར་ཏེ་ཉ་མང་པོ་བཟུང་ནས་ཅི་བྱེད་གི་ཡོད་པ་རེད་ཟེར། སྐབས་དེར་བདག་གིས་བུ་མོས་ད་ཕན་ཉ་ཤ་ཐེངས་གཅིག་ཟོས་མེད་པ་ཡིད་ལ་དྲན། རྒྱ་མི་ཉ་ཤ་ཟ་རྒྱུར་དགའ་བས་ཉ་འདི་དག་ཁོ་ཚོའི་ཁ་ཟས་རེད་ཟེར་བ་ན། བུ་མོས་ང་ཚོས་ཉ་ཟ་གི་མ་རེད། ཉ་སྙིང་རྗེ། ང་རང་ལག་ཆགས་ན་ཉ་སྐྱོབ་རྒྱུ་ཡིན་ཟེར།
ཙ་༽ བུ་མོས་ཚ་ཡིག་བསླབས་མ་ཐག་པའི་ཉིན་དེའི་དགུང་མོར་ཁ་ཟས་ཟ་དུས། ཐུག་པ་ཚ་མོ་ཧུབ་ཀྱིས་བཏུང་བས་ཁ་བསྲེགས་སོང༌། མོས་ཨ་ཚ་ཚ་ཟེར་སྐབས། མོའི་ཨ་ཕས་ཚིག་མཚམས་བཅད་ནས། ཙ་ཚ་ཛ་ཝ་ཡི་ཚ་དེ་ཨ་ཚ་ཚ་ཡི་ཚ་རེད་ཟེར། དེ་ལ་བུ་མོ་ལག་ཆུང་ཟུང་གིས་མིག་ལྕིབས་ཡར་མར་འཐེན་ཏེ། མིག་བཙན་གྱིས་གདངས་ནས་ཚ་ཡིག་དེ་ངའི་མིག་འདི་དང་འདྲ་ཟེར།
ཚ༽ བུ་མོ་ལོ་གཅིག་ལྷག་སླེབས་པའི་ཉིན་ཞིག་ལ། མོ་རང་གཅིག་པུར་བྱིས་པའི་བརྙན་སྡེར་ཞིག་ལ་བལྟ་རུ་བཅུག དུས་དེར་ཁོ་མོས་རྒྱུན་བཀོལ་གྱི་སྐད་ཆ་མང་པོ་ཞིག་བཤད་ཤེས་ཡོད། སྐབས་ཤིག་ལ་མོ་རང་བྱུང་རིམ་གྱིས་ཡིད་དྲངས་ཏེ་སེམས་སྡུག་གིས་ངུ་ཤུམ་འཛར་འཛར་བྱེད་བཞིན་པ་ཐོས། ང་མོ་རང་སྡོད་སའི་འབོལ་ཁྲིའི་སྟེང་བསྡད་དེ་བུ་མོ་པང་ནས་ཅི་ཡིན་འདྲི་ཞོར་བརྙན་འཕྲིན་ལ་བལྟས་པ་ན། བརྙན་འཕྲིན་དེར་ཨ་ཡེ་ཞིག་ཡོད་ལ་ཁོ་མོར། སྒོ་ཕྱུགས་བ་ལང་ཁ་ཤས་འདུག
ཛ༽ དོན་དག་གང་རིགས་ཤིག་གི་ཆེད་དུ་དེའི་ཁྲོད་ཀྱི་བ་ལང་གསུམ་ས་ཆ་གཞན་དུ་གཏུགས་བཤེར་ལ་སོང་བ་རེད། ཕྱིར་ཡུལ་ལ་ལོག་སྐབས་ལམ་ནོར་བྱུང་ནས་ས་ཆ་གཞན་དུ་བུད་སོང༌། དེ་བས་བུ་མོས་བ་གླང་རྣམས་ཕྱིར་ཁྱིམ་དུ་མ་ལོག་ཚེ། ཨ་ཡེ་ཡིས་སེམས་ཁྲལ་བྱེད་རྒྱུ་རེད་ཟེར་ནས་ངུ་མཚམས་མ་བཞག བསམ་མེད་ཀྱི་བྱིས་པའི་བྱ་སྤྱོད་དེར་ཡ་མཚར་བཞིན། བདག་གིས་ལག་པས་བུ་མོའི་གདོང་གི་མིག་ཆུ་འབྱིད་ཞོར་མོའི་མིག་ཟུང་ལ་འོ་ཚ་མོ་འགའ་བྱས་པ་དང་ངུ་ཤུམ་རིམ་བཞིན་ཇེ་ཞན་དུ་སོང། ལོ་གཅིག་ཅན་གྱི་བྱིས་པ་བསམ་མེད་ཅིག་གིས་འདི་ལྟར་མི་རྒན་པའི་སེམས་ཚོར་ལ་དོ་སྣང་བྱེད་པ་བསམ་པའི་རྒྱུད་ལའང་ཤར་མྱོང་མེད།

མ་ཡུམ་དྲ་ཚིགས་ཀྱི་འཁྲུངས་སྐར་ལ་ཕུལ་བ། ཀླུ་སྨྱོན་ཧེ་རུ་ཀ

རང་བྱུང་ཁམས་ཆེན་པོ་ལྟ་བུའི་མ་ཡུམ་ཚོའི། ནམ་མཁའ་ལྟ་བུའི་བྱམས་བརྩེ་དང་། ས་གཞི་ལྟ་བུའི་ཕྱག་ཟུང་། རྒྱ་མཚོ་ལྟ་བུའི་སྤྱན་ཆབ་ཀྱིས་ཆེ་རུ་གསོས་པའི་ང་ཚོས། རང་གི་མ་ཡུམ་དག་ལ་དྲིན་ལན་ཅི་ཞིག་འཇལ་ཡོད། རང་གི་མ་ཡུམ་དག་གི་དྲིན་ལན་ཇི་ལྟར་འཇལ་རྩིས་ཡོད། ཀྱེ། བདག་གི་སྙིང་ཉེ་བའི་གྲོགས་པོ་དག

མ་ཡུམ་དྲ་བའི་དབུ་འབྱེད་ལ་བཅོས་མིན་སྙིང་ནས་རྟེན་འབྲེལ་ཞུ། ལྷ་ཆབ་སྦྱིན་པས།

རང་རེའི་བཙན་བྱོལ་སྤྱི་ཚོགས་འདི་འཁྲུག་ཆ་དོད་དུ་ཕྱིན་པ་དང་མཉམ་དུ་གཞུང་སྒེར་སྣ་ཚོགས་ཀྱི་རྩོམ་རིག་གི་དྲ་བ་སོགས་ཀྱང་དེ་བཞིན་དུ་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་འོང་གི་འདུག འདས་པའི་ལོ་གཅིག་གི་ནང་ཚུན་ལ་ཡང་རྣམ་པ་མི་འདྲ་བའི་དྲ་བ་ཁག་དུ་མ་ཞིག་བྱུང་བའི་ཁྲོད་ཐད་ཀར་སྤྱི་ཚོགས་ལ་ཤུགས་རྐྱེན་ཡོད་པ་ཞིག་ཅི་བས་དཀོན་ནའང་། དེ་རིང་རྒྱལ་སྤྱིའི་སྐད་ཡིག་གི་ཉིན་མོར་སྟབས་བསྟུན་ནས་༼མ་ཡུམ༽ཞེས་པའི་དྲ་བ་འདི་བོད་རིགས་བུད་མེད་རྣམས་ལ་ཆེད་དུ་དམིགས་ནས་དབུ་འབྱེད་བྱས་པར་བཅོས་མིན་སྙིང་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ཏུ། མ་འོངས་པར་འདི་དང་འདི་བརྒྱུད་ནས་བོད་རིགས་བུད་མེད་རྣམས་ཀྱིས་འདས་པའི་མེས་པོའི་སྲོལ་རྒྱུན་ལས་རང་གི་རིགས་ལ་དམའ་འབེབ་དང་མཐོང་ཆུང་ཅི་བྱས་ཀྱི་ཉམས་མྱོང་ལ་བརྟེན་ནས། གསར་གཏོད་དང་སྒྱུ་རྩལ། དམིགས་འབེན་ཡོད་པ་ཞིག་གི་ལམ་ཁ་སྙེག་ཐུབ་པའི་བཀྲ་ཤིས་བདེ་ལེགས་ཞུ།

མ༵་ཡུམ༵་དྲ་རྒྱ་ལ་ཕུལ་བའི་ཤིས་ཚིག་དང་འབོད་སྐུལ། དགེ་བཤེས་བེ་རི་འཇིགས་མེད།

མ༵་ཡུམ༵་གངས་ཅན་གྱི་ཞིང་ཁམས།། མ༵་རབས་རྒྱ་དམར་གྱིས་འཕྲོགས་ཀྱང་།། མ༵་འཁྱོགས་དྲང་ཐིག་གི་རི་མོ།། མ༵་ཆད་དྲ་ཐོག་ནས་གསལ་འོང་།། མ༵་ལོའི་འོ་མ༵་ཡིས་གསོས་པའི།། མ༵་སྤུན་བོད་རིགས་ཀྱི་མི་དམངས།། མ༵་བཅོས་སེམས་ཁམས་ཀྱི་རི་མོ།། མ༵་སྦས་དྲ་ཐོག་ལ་ཁོད་དང་།།

རྒན་བསོད་ནམས་རྒྱལ་མཚན་གྱིས་མ་ཡུམ་དྲ་ཚིགས་ལ་གནང་བའི་ཤིས་ཚིག

རྟེན་འབྲེལ་ཞུ། སེམས་ཁུང་གི་ཀུན་རྟོགས་ཀྱི་འདབ་མ་རེ་རེ། མཁའ་དབྱིངས་སུ་རྩེན་པའི་ཆུ་འཛིན་གཞོན་ནུ་དང་བསྡེབས་ནས། མཐའ་ཡས་པའི་བློ་གསར་པ་མང་པོ་ཞིག་གི་འདབ་མ་གྲོལ་བའི་སྨོན་འདུན་ཞུ།

ཨ་འཇམ་གྱིས་མ་ཡུམ་དྲ་བར་གནང་བའི་ཤིས་ཚིག

མ་ཡུམ་ནི་མིའི་རིགས་ཀྱི་གཙང་བོའི་འགོ་ཁུངས་ཤིག མ་ཡུམ་ནི་བྱམས་བརྩེའི་རྨང་གཞི་འདིང་མཁན་གྱི་ཞི་བདེའི་ནམ་མཁའ་ཞིག མ་ཡུམ་ནི་འཚོ་བའི་བར་སྣང་ཕྱེ་བའི་སྐྱ་རེངས་ཀྱི་སྒོ་གླགས་ཤིག འདི་ལྟར་མ་ཡུམ་ནི་འཚོ་གནས་ཀྱི་ཁོར་ཡུག་ནས་མེད་དུ་མི་རུང་བའི་མ་ཡུམ་ཞིག་སྟེ། འདི་ལྟར་མ་ཡུམ་གྱི་དྲ་རྒྱ་དབུ་བརྙེས་པ་ཡང་སྤྲོ་སེམས་ཁོལ་བའི་ངང་རྟེན་འབྲེལ་ཞུ། ༢༠༡༡ ༢ ༢༣ ལ་གོང་ས་ཏཱ་ལའི་བླ་མ་མཐོ་སློབ་ནས་ཨ་འཇམ་གྱིས།

མ་ཡུམ་དྲ་ཚིགས་ཀྱི་སྐྱེས་སྐར་ལ་ཕུལ་བའི་ཤིས་ཚིག གཟུངས་ཕྱུག་སྐྱིད།

རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་དག་སྣང་གིས་བཞེངས་ནས།། ཡུམ་ཆེན་བྲག་གི་སྲིན་མོའི་རྣམ་ཐར་ནས་བརྩམས་ཏེ།། མ་གཅིག་ལབ་ཀྱི་སྒྲོན་མའི་མཛད་རིམ་ལ་གཞིགས་ཚེ།། སྐྱེད་ཡུམ་ལྷ་མོའི་ཚོགས་ཀྱི་རྟོགས་བརྗོད་དེ་མཚར་ཨང་།། འབྲོ་བཟའ་ཁྲི་མ་ལོད་ཀྱི་དཔའ་མཛངས་དེ་བཙལ་ནས།། བཙན་མོ་སད་མ་ཀར་གྱི་བློ་བཀོད་ལ་བསྔགས་བཞིན།། ཚེ་སྤོང་མེ་ཏོག་བཟའ་ཡི་མཁྲེགས་འཛིན་ལ་བསམ་ན།། ན་རིམ་བཙུན་མོའི་ཚོགས་ཀྱི་ལོ་རྒྱུས་དེ་བརྗིད་ཨང་།། མྱང་ཚ་དཀར་རྒྱན་ཁྲོས་པའི་བློ་སྤོབས་ལ་དཔྱད་ཀྱིན།། ཨ་ཅེ་སྣང་ས་སྐྱོ་བའི་ངེས་འབྱུང་ལ་བརྟག་ནས།། གླིང་བཟའ་སེང་ལྕམ་འབྲུག་མོའི་སྐྱེས་འབྲས་ལ་བལྟས་ན།། གངས་ཅན་མ་ཡུམ་དག་གི་བཞུད་ལམ་འདི་རྨད་ཨང་།། བྱམས་བརྩེའི་དྲིན་གྱིས་བསྐྱངས་པའི་མ་རྒན་ནས་བརྩིས་ཏེ།། དགའ་བའི་འཛུམ་གྱིས་བསུ་མཁས་སྨན་ཤར་གྱི་གྲོགས་མོ།། འཇིག་རྟེན་བདེ་ལྡན་ཞིང་གི་ཁྱིམ་གཞིས་ལ་དཔག་ཚེ།། བདེ་སྦྱིན་མ་ཡུམ་ཚོགས་ཀྱི་དུངས་པ་དེ་འཕགས་ཨང་།། ད་ཡང་འཇིག་རྟེན་མི་ཡི་གྲལ་འགོ་ནས་ལངས་ཏེ།། ཤར་ནུབ་འཛམ་གླིང་ཟླུམ་པོའི་དཀྱིལ་དབུས་སུ་ཕེབས་ནས།། ༼མ་ཡུམ་དྲ་ཚིགས༽སྒེག་མོ་ལྷུག་ལྷུག་ཏུ་དགད་ཚེ།། ཕྱོགས་ཀྱི་མགྲོན་པོའི་ངག་གི་རམ་འདེགས་འདི་མཛེས་ཨང་།། ཞེས་པ་འདི་གསར་དུ་སྒོ་འབྱེད་གནང་བའི་མ་ཡུམ་དྲ་ཚིགས་ཀྱི་སྐྱེས་སྐར་ལ་བཀྲ་ཤིས་ཁ་བཏགས་ཤིག་གི་ཚུལ་དུ་གཟུངས་ཕྱུག་སྐྱིད་ཀྱིས་སྤྱི་ལོ་༢༠༡༡ལོའི་ཟླ་༢པའི་ཚེས་༢༡ཉིན་རྡ་རམ་ས་ལར་བྲིས།

མ་ཡུམ་དྲ་ཚིགས་ལ་ཕུལ་བའི་ཤིས་ཚིག་བཀྲ་ཤིས་འཁོར་ལོ་མ། ཐོར་རྒོད་པ་སྤྱན་ཆབ།

  ཁྱོད་ཀྱིས་གསུངས་པའི་རྨི་ལམ་དྭངས་མོ་གཅིག། ང་ལ་ཡོད་པའི་དམིགས་ཀྱི་རི་མོ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་ཚིག་གི་ལྷ་ཡིས་ངེད་གཉིས་སྲུངས།།  ཁྱོད་ཀྱིས་བསྙལ་བའི་ལོ་ཆང་བསིལ་མ་གཅིག། ང་ཡིས་འདོད་པའི་བཟི་ཁ་བཙན་པོ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་བདུད་རྩི་མཆོད་པའི་ངེད་གཉིས་བསྟོད།།  ཁྱོད་ཀྱིས་བོར་པའི་ཞེ་མདང་མདུད་པ་གཅིག། ང་ལ་མངའ་བའི་མགུལ་ལེ་དྲོན་མོ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་རྫས་ཀྱི་ཐག་པས་ངེད་གཉིས་ཆོངས།།  ཕྱི་ན་བཀྲ་ཤིས་འཛུམ་ཀྱི་མངར་ཁ་གཅིག། ནང་ན་བཀྲ་ཤིས་ཕན་པའི་དྲོད་ཁོལ་གཉིས།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བོད་ཀྱི་མ་ཡུམ་དྲ་ཚིགས་ཁྲི་ལོར་ཤོག

ཐུགས་རྗེ་ཆེ་ཞུ།

ཁེ་ན་ཌ་གནས་བཞུགས་དྲ་རྒྱ་སྒྲིག་སྦྱོར་ཆེད་མཁས་པ་བསོད་ནམས་འོད་ཟེར་ལགས་ཀྱིས་ལྷག་བསམ་རྣམ་དག་གིས་ང་ཚོར་དྲ་བའི་མཐུན་རྐྱེན་དང་། དྲ་ཚིགས་སྒྲིག་སྦྱོར་ཐོག་ལམ་སྟོན་རོགས་རམ་གནང་བ་བཅས་ལ་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ། མ་ཡུམ་རྩོམ་སྒྲིག་པས།